༡༠
དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་ཨིས་ར་ཨེལ་ལ་དམག་བརྒྱབས་ནས། ཨིས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་མདུན་ནས་བྲོས་ཏེ། རི་གིལ་བོ་ཨ་རུ་བསད་ནས་ས་རུ་ལྷུང་ངོ་།  དེ་རུ་ཕེ་ལེ་ཤེད་པ་རྣམས་ཀྱིས་ཤ་ཨུལ་དང་དེའི་བུ་རྣམས་ཀྱི་རྗེས་སུ་འདེད་ཅིང་། ཤ་ཨུལ་གྱི་བུ་ཡོ་ན་ཐན་དང་ཨ་བི་ནཱ་དབ་དང་། མལ་ཀི་ཤུ་ཨ་དང་གསུམ་བསད་དོ།  འཐབ་མོ་དེའི་ཕྱིར་ཤ་ཨུལ་ལ་དཀའ་བར་བྱུང་སྟེ། མདའ་པ་རྣམས་ཀྱིས་ཁོ་ལ་ནོན་ནས། ཁོ་མདའ་པ་རྣམས་ཀྱི་ལག་ནས་སྣད་པར་གྱུར་ཏོ།  ཤ་ཨུལ་གྱིས་རང་གི་གོ་ཁྲབ་འཁུར་མཁན་ལ། མདུན་ལྤགས་མ་བཅད་པ་འདི་དག་འོངས་ནས་ང་ལ་སྨད་པར་བྱའོ། ད་ཁྱོད་ཀྱིས་རལ་གྲི་ཕྱུང་ནས་ང་ལ་སྣུན་པར་བྱོས་ཤིག་ཅེས་བསྒོ་རུང་། གོ་ཁྲབ་འཁུར་མཁན་དེ་རབ་ཏུ་འཇིགས་པས། དེ་ལྟར་བྱེད་མ་དགའ་བས། ཤ་ཨུལ་གྱིས་རལ་གྲི་བླངས་ནས། རང་དེའི་ཐོག་ཏུ་གྱེལ་ཏོ།  ཡང་གོ་ཁྲབ་འཁུར་མཁན་གྱིས་ཤ་ཨུལ་ཤི་ཟིན་པར་མཐོང་བ་དང་། དེ་ཡང་རང་གི་རལ་གྲིའི་ཐོག་ཏུ་གྱེལ་ནས། མཉམ་དུ་ཤིའོ།  དེ་ལུགས་སུ་ཤ་ཨུལ་དང་། དེའི་སྲས་གསུམ་དང་། ནང་ཚང་ཐམས་ཅད་ཕྱོགས་གཅིག་ཏུ་གྲོངས་སོ།  ཡང་རོང་ལ་ཡོད་པའི་ཨིས་ར་ཨེལ་པ་ཐམས་ཅད་ཀྱིས་མི་རྣམས་བྲོས་པ་དང་། ཤ་ཨུལ་དང་། དེའི་སྲས་རྣམས་ཤི་ཟིན་པར་མཐོང་བས། རང་གི་གྲོང་ཁྱེར་རྣམས་བཞག་ནས། བྲོས་སོང་བ་ལས། ཕེ་ལེ་ཤེད་པ་འོངས་ནས། དེའི་ནང་དུ་གཞིས་ཕབ་བོ༎
 ཡང་རྟིང་མ་ཞག་ཕེ་ལེ་ཤེད་པ་རོའི་གོས་ཤུ་བར་འོང་དུས་སུ། རི་གིལ་བོ་ཨ་རུ་ཤ་ཨུལ་དང་དེའི་སྲས་རྣམས་གྲོངས་ཟིན་པ་བརྙེད་ནས།  དེ་བཤུས་ནས། དེའི་མགོ་དང་གོ་ཁྲབ་བླངས་ཏེ། ལྷ་སྐུ་དང་ཡུལ་མི་ལ་ཕྲིན་སྐྱེལ་དུ། ཕེ་ལེ་ཤེད་པའི་ཡུལ་ཀུན་ཏུ་སྐོར་དུ་བསྐུར་ཏོ། ༡༠ དེ་ཚོས་ཁོང་གི་གོ་ཁྲབ་དེ་རང་གི་ལྷ་ཁང་དུ་བཞག་སྟེ། ཁོང་གི་མགོ་ནི་དཱ་གོན་གྱི་ལྷ་ཁང་དུ་འཕྱར་དུ་བཞག་གོ། ༡༡ ཕེ་ལེ་ཤེད་པས་ཤ་ཨུལ་ལ་ཅི་བྱས་ཚང་མ་ཡ་བེས་གིལ་ཨད་པ་རྣམས་ཀྱིས་ཐོས་ནས། ༡༢ མི་དཔའ་རྩལ་ཅན་ཐམས་ཅད་ལངས་ཏེ། ཤ་ཨུལ་གྱི་སྤུར་དང་། དེའི་སྲས་རྣམས་ཀྱི་སྤུར་ཐོགས་ནས། ཡ་བེས་ལ་དྲངས་ནས། ཡ་བེས་ཀྱི་བེ་ཤིང་གི་འོག་ཏུ་བསྐུངས་ནས། ཞག་བདུན་སྨྱུང་བར་བྱས་སོ༎
༡༣ ཤ་ཨུལ་ཤི་བའི་རྐྱེན་ནི། ཤ་ཨུལ་གྱིས་ཡ་ཧོ་ཝཱའི་དྲུང་དུ་སྡིག་པ་བྱས་ཏེ། ཡ་ཧོ་ཝཱའི་གསུང་ལ་མ་ཉན་པ་དང་། བུད་མེད་ནག་ཆོས་མ་ནས་བརྟག་པ་ཞུས་པའི་ཕྱིར་རོ། ༡༤ དེས་ཡ་ཧོ་ཝཱ་ལས་ཐུགས་བརྟག་མ་ཞུས་པས། ཁོང་གིས་དེ་བསད་དེ། ཨི་ཤཱའི་བུ་དཱ་བིད་ཀྱི་ཕྱོགས་སུ་རྒྱལ་སྲིད་བསྒྱུར་བར་མཛད་དོ༎