༢༨
དེའི་ཉིན་པར་འདི་ལྟར་བྱུང་། ཕེ་ལེ་ཤེད་པ་རྣམས་ཀྱིས་ཨིས་ར་ཨེལ་དང་དམག་བྱེད་པའི་ཕྱིར་དམག་ཚོགས་བསྡུ་བའི་ཚེ་ན། ཨ་ཀིས་ཀྱིས་དཱ་བིད་ལ། ཁྱེད་དང་ཁྱེད་ཀྱི་མི་རྣམས་ང་དང་བཅས་སུ་དམག་ཏུ་འགྲོ་བར་དགོས་པ་ངེས་པར་ཤེས་ཤིག ༢ ཅེས་ཟེར་བས། དཱ་བིད་ཀྱིས་ཨ་ཀིས་ལ། དེ་ནས་ཁྱེད་ཀྱི་གཡོག་པོས་ཅི་དང་ཅི་བྱ་བ་ཁྱེད་ཀྱིས་མཁྱེན་པར་འགྱུར་རོ་ཞེས་ཞུས་ནས། ཨ་ཀིས་ཀྱིས་དཱ་བིད་ལ། དེའི་ཕྱིར་ངས་ཁྱེད་རྒྱུན་དུ་ངའི་མགོ་བསྲུང་མཁན་དུ་བཞག་གོ་ཞེས་སྨྲས་སོ༎༣ ཡང་ཤ་མུ་ཨེལ་ཤི་བས། ཨིས་ར་ཨེལ་ཐམས་ཅད་ཀྱིས་ཁོང་གི་ཕྱིར་མྱ་ངན་བྱས་ནས། ཁོང་གི་སྤུར་ནི་ཁོང་ཉིད་ཀྱི་གྲོང་ཁྱེར་རཱ་མཱ་རུ་དུར་དུ་བཙུད་དོ། ཤ་ཨུལ་གྱིས་ནི་གཤིན་འདྲེ་འགུག་མཁན་དང་ནག་ཆོས་པ་ཐམས་ཅད་ཡུལ་ནས་བཏོན་ཚར་བ་ཡིན། ༤ དེ་ནས་ཕེ་ལེ་ཤེད་པ་རྣམས་འཛོམ་སྟེ། ཤུ་ནེམ་དུ་འོང་སྟེ་དམག་སྒར་བཏབ་བོ། ཡང་ཤ་ཨུལ་གྱིས་ཨིས་ར་ཨེལ་ཐམས་ཅད་བསྡུས་ནས། གིལ་བོ་ཨ་རུ་དམག་སྒར་བཏབ་བོ། ༥ ཤ་ཨུལ་གྱིས་ཕེ་ལེ་ཤེད་པའི་དམག་དཔུང་མཐོང་བས། སྙིང་འདར་ཞིང་འགུལ་ཏོ། ༦ ཤ་ཨུལ་གྱིས་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུས་ཀྱང་། ཡ་ཧོ་ཝཱས་ཁོ་ལ་རྨི་ལམ་དང་། མོ་འདེབས་པ་དང་། ལུང་སྟོན་པ་གསུམ་གྱི་སྒོ་ནས་བཀའ་ལན་གང་ཡང་མ་གནང་ངོ་། ༧ དེའི་ཕྱིར་ཤ་ཨུལ་གྱིས་རང་གི་གཡོག་པོ་རྣམས་ལ། ངའི་ཕྱིར་གཤིན་འདྲེ་འགུག་པའི་བུད་མེད་ཅིག་ཚོལ་ཞིག ང་དེའི་མདུན་དུ་འགྲོ་བ་དང་། ཐུགས་བརྟག་ཞུ་བར་བྱ་ཞེས་སྨྲས་པས། གཡོག་པོ་རྣམས་ཀྱིས། གཟིགས་ཤིག གཤིན་འདྲེ་འགུག་པའི་བུད་མེད་ཅིག་ཨེན་དོར་དུ་གནས་སོ་ཞེས་སྨྲས་པས།
༨ ཤ་ཨུལ་གྱིས་ཆས་བསྒྱུར་ཏེ། གོས་གཞན་ཞིག་གོན་ཏེ། ཁོང་རང་དང་མི་གཉིས་མཉམ་དུ་སོང་སྟེ། མཚན་ལ་བུད་མེད་དེའི་མདུན་དུ་བསླེབས་ནས། ཤ་ཨུལ་གྱིས། ཀྱེ་བུད་མེད། འདྲེ་མཐོང་གི་ངང་ནས། སུའི་མིང་ངས་ཟེར་ན། དེ་ནི་ཡར་དྲོངས་ཤིག་ཅེས་སྨྲས་པ་དང་། ༩ བུད་མེད་ཀྱིས་ལན་དུ། ལྟོས་ཤིག ཤ་ཨུལ་གྱིས་ཅི་བྱས་པ་དང་། ཁོས་འདྲེ་མཐོང་མཁན་དང་འཕྲལ་རྣམས། ཡུལ་ནས་ཅི་ལྟར་བཏོན་པ་དེ་ནི་ཁྱོད་ཀྱིས་ཤེས་སོ། ངའི་སེམས་གསོད་པར་རྙི་ཅིའི་ཕྱིར་འཛུག་ཅེས་འདྲིས་པས། ༡༠ ཤ་ཨུལ་གྱིས་ཡ་ཧོ་ཝཱའི་མནའ་སྐྱེལ་ཞིང་། ཡ་ཧོ་ཝཱ་གསོན་པོར་ངེས་པ་ལྟར་བྱ་བ་འདིའི་ཕྱིར་ཁྱོད་ལ་ཆད་པ་མི་གཅད་དོ་ཞེས་སྨྲས་པས། ༡༡ བུད་མེད་ཀྱིས། ངས་ཁྱོད་ཀྱི་ཕྱིར་སུ་ཡར་འགུག་པ་བྱ་ཞེས་ཟེར་བས། ཤ་ཨུལ་གྱིས། ཤ་མུ་ཨེལ་ཡར་དྲོངས་ཤིག་ཅེས་སྨྲས་སོ། ༡༢ དེ་ནས་བུད་མེད་ཀྱིས་ཤ་མུ་ཨེལ་མཐོང་བས། སྐད་དྲག་པོ་དང་འབོད་བསྒྲགས་ཤིང་། བུད་མེད་ཀྱིས་ཤ་ཨུལ་ལ། ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་སླུ་བར་བྱེད། ཁྱེད་ནི་ཤ་ཨུལ་ཡིན་ཅེས་བོས་ནས། ༡༣ རྒྱལ་པོས་མོ་ལ། མ་འཇིགས་ཤིག ཁྱོད་ཀྱིས་ཅི་མཐོང་འདྲིས་པ་དང་། བུད་མེད་ཀྱིས་ཤ་ཨུལ་ལ། ངས་ནི་ལྷ་ཞིག་ས་གཞི་ནས་ཡར་འོང་བར་མཐོང་ངོ་ཞེས་སྨྲས་པ་དང་། ༡༤ ཁོང་གིས་མོ་ལ། དེའི་དབྱིབས་ཇི་ལྟ་བུ་ཞིག་འདུག་འདྲིས་པ་དང་། བུད་མེད་ཀྱིས། མི་རྒད་པོ་གོས་རིང་པོ་གོན་པ་ཞིག་འདུག་ཅེས་ཟེར་བས། ཤ་ཨུལ་གྱིས་དེ་ནི་ཤ་མུ་ཨེལ་ཡིན་པར་བརྟགས་ཏེ། རང་གི་གདོང་ས་ལ་བརྡབས་ནས་ཕྱག་བཙལ་ཏོ༎
༡༥ དེ་རུ་ཤ་མུ་ཨེལ་གྱིས་ཤ་ཨུལ་ལ། ཁྱོད་ཀྱིས་ང་ཡར་བཀུག་ནས་ཅི་ལ་མི་བདེ་བར་བྱས་པ་ཡིན་ཅེས་འདྲིས་པས། ཤ་ཨུལ་གྱིས། ང་ལ་མགོ་ནོན་མང་པོ་ཡོད། ཕེ་ལེ་ཤེད་པས་ང་ལ་དམག་འདྲེན་ཀྱང་། དཀོན་མཆོག་ང་དང་བྲལ་ལོ། ལུང་སྟོན་པ་དང་། རྨི་ལམ་གྱི་སྒོ་ནས་ཁོང་གིས་ང་ལ་བཀའ་ལན་གང་ཡང་མ་གནང་བས། ཁྱེད་ཀྱིས་ང་ལ་ཅི་བྱེད་པར་རུང་སྟོན་པའི་ཕྱིར་ངས་ཁྱེད་ལ་བོས་པ་ཡིན་ཅེས་ཞུས་སོ། ༡༦ དེ་རུ་ཤ་མུ་ཨེལ་གྱིས། ཡ་ཧོ་ཝཱ་ཁྱོད་དང་འབྲལ་ཚར་ནས། ཁྱོད་ཀྱི་དགྲ་བོར་གྱུར་ཏེ་ཡོད་ན། ཁྱོད་ཀྱིས་ང་ནས་དྲི་བ་འདྲི་བ་དེ་ཅིའི་ཕྱིར་ཡིན། ༡༧ ཇི་ལྟར་ཡ་ཧོ་ཝཱས་ངའི་ཁ་ནས་སྨྲས་པ་ལྟར་བསྒྲུབས་སོ། ཡ་ཧོ་ཝཱས་རྒྱལ་ཁམས་ནི་ཁྱོད་ཀྱི་ལག་ནས་འཐེན་ཏེ། ཁྱོད་ཀྱི་ཁྱིམ་མཚེས་པ་དཱ་བིད་ལ་གནང་ངོ་། ༡༨ ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའ་ལ་མ་ཉན་ཏེ། ཨ་མ་ལེག་ལ་ཁོང་ཁྲོ་སྟོན་པའི་བཀའ་སྩལ་མ་བསྒྲུབ་པས། དེ་རིང་གི་ཉིན་པར་ཡ་ཧོ་ཝཱས་བྱ་བ་འདི་ཐམས་ཅད་མཛད་དོ། ༡༩ དེ་མ་ཟད། ཡ་ཧོ་ཝཱས་ཁྱོད་དང་བཅས་སུ་ཨིས་ར་ཨེལ་ཡང་ཕེ་ལེ་ཤེད་པའི་ལག་ཏུ་གནང་བ་དང་། སང་ཉིན་ཁྱོད་དང་ཁྱོད་ཀྱི་བུ་རྣམས་ང་དང་བཅས་སུ་གནས་པར་འགྱུར་རོ། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་དམག་དཔུང་ཕེ་ལེ་ཤེད་པའི་ལག་ཏུ་གནང་བར་བྱའོ་ཞེས་ཐོས་པས།
༢༠ ཤ་ཨུལ་རང་གི་ལུས་ཀྱི་རིང་ཚོད་ཙམ་ཡོད་ས་ལ་ལྷུང་ངོ་། ཤ་མུ་ཨེལ་གྱིས་གསུངས་པ་དེའི་ཕྱིར་ཤིན་ཏུ་འཇིགས་སྐྲགས་ཏེ། ཉིན་གང་དང་མཚན་གང་བག་ལེབ་གང་ཡང་མ་ཟོས་པས། ཤེད་མེད་དུ་གྱུར་ཏོ། ༢༡ དེར་བུད་མེད་ཤ་ཨུལ་གྱི་དྲུང་དུ་འོངས་ཏེ། ཁོ་ཤིན་ཏུ་འཇིགས་སྐྲགས་པར་མཐོང་བས། བུད་མེད་ཀྱིས། གཟིགས་ཤིག ཁྱེད་ཉིད་ཀྱི་བྲན་མོས་ཁྱེད་ཀྱི་བཀའ་ལ་ཉན་ཏེ། ཁྱེད་ཀྱིས་གསུངས་པའི་བཀའ་ལ་ངས་ཉན་པས། ངས་རང་གི་སྲོག་ནི་རང་གི་ལག་པའི་ཁར་བཀུར་བ་ཡིན། ༢༢ ད་ལྟ་ཁྱེད་ཀྱིས་ཀྱང་ཉིད་ཀྱི་བྲན་མོའི་གཏམ་ལ་གསན་པར་མཛོད། ངས་ཁྱེད་ཀྱི་སྐུ་མདུན་དུ་བག་ལེབ་ཀྱི་དུམ་བུ་ཞིག་འཇོག་པར་གནོང་ཞིག རྗེས་སུ་ལམ་དུ་ཞུགས་པའི་ཚེ། ཁྱེད་ལ་ཤེད་རྙེད་པའི་ཕྱིར་ད་ལྟ་ཟོས་ཤིག་ཅེས་ཞུས་ཀྱང་། ༢༣ ཁོང་གིས། ངས་མི་ཟ་སྨྲས་ཤིང་སྤང་བས། གཡོག་པོ་རྣམས་ཀྱིས་བུད་མེད་དང་བཅས་སུ་ཁོང་ལ་དབང་བྱས་སོ། དེ་ནས་ཁོང་གིས་དེ་དག་གི་གཏམ་ལ་ཉན་ཏེ། ལངས་ནས། ཉལ་ཁྲིའི་ཁར་བསྡད་དོ། ༢༤ བུད་མེད་དེ་ལ་བེའུ་ཚོན་པོ་ཞིག་ཁང་པ་རུ་ཡོད་དེ། རྒྱུག་སྟེ་བསད་ནས། བག་ཕྱེ་བླངས་ནས་སྦྲུས་ཏེ། རུ་མ་མེད་པའི་བག་ལེབ་བྱས་སོ། ༢༥ དེ་ནི་ཤ་ཨུལ་དང་དེའི་གཡོག་པོའི་དྲུང་དུ་འཁྱེར་འོངས་པ་དང་། དེ་དག་ཟོས་ཟིན་ནས་ལངས་པ་དང་། མཚན་དེ་ལ་སོང་ངོ་༎