༢༧
ཡང་དཱ་བིད་ཀྱིས་རང་གི་སྙིང་ནང་དུ། ཞག་ཅིག་ང་ཤ་ཨུལ་གྱི་ལག་པས་འཆི་བར་འགྱུར་རོ། ང་མྱུར་དུ་ཕེ་ལེ་ཤེད་པའི་ཡུལ་དུ་འབྲོས་པ་ལས་ཐབས་གཞན་གང་ཡང་མི་ཤེས། དེ་ནས་ཤ་ཨུལ་གྱིས་ང་ཨིས་ར་ཨེལ་གྱི་ས་མཚམས་ཐམས་ཅད་ལ་འཚོལ་བར་སྤོང་བ་དང་། ང་དེའི་ལག་པ་ནས་ཐར་བར་འགྱུར་རོ།  ཞེས་བསམས་ནས། དཱ་བིད་དང་ཁོ་དང་མཉམ་དུ་ཡོད་པའི་མི་དྲུག་བརྒྱ་ལངས་ནས་འཐོན་ཏེ། གད་ཀྱི་རྒྱལ་པོ་མཱ་ཨོག་གི་བུ་ཨ་ཀིས་བྱ་བའི་དྲུང་དུ་ཕྱིན་ཏོ།  ཡང་དཱ་བིད་དང་ཁོའི་མི་རྣམས་གད་ཀྱི་ཨ་ཀིས་ཀྱི་དྲུང་དུ་གནས་པ་དང་། མི་རེ་ལ་ཁང་པ་རེ་ཡོད་དེ། དཱ་བིད་དང་བཅས་སུ་ལྕམ་གཉིས། ཡིས་རེ་ཨེལ་མ་ཨ་ཧི་ནོ་ཨམ་དང་། ཀར་མེལ་མ་ཨ་བི་ཀཱ་ཨིལ། སྔར་ནཱ་བལ་གྱི་ཆུང་མ་ཡིན་པ་དེ་གཉིས་དེར་གནས་སོ།  དེར་ཤ་ཨུལ་གྱིས། དཱ་བིད་་གད་ཡུལ་དུ་བྲོས་ཤེས་པའི་སྐད་ཆ་ཐོས་པ་དང་། ཁོ་འཚོལ་བ་སྤངས་སོ༎
 དེ་ནས་དཱ་བིད་ཀྱིས་ཨ་ཀིས་ལ། གལ་ཏེ་ང་ལ་ཁྱེད་ཀྱི་སྤྱན་དྲུང་དུ་ཐུགས་རྗེ་རྙེད་པ་ཡིན་ན། ང་ལ་ཡུལ་གྱི་གྲོང་ཁྱེར་ཞིག་ཏུ་གནས་པའི་ཕྱིར་ས་ཆ་ཞིག་གནོང་ཞིག ཉིད་ཀྱི་གཡོག་པོ་དེ་ནི་ཁྱེད་དང་བཅས་སུ་རྒྱལ་ས་རུ་ཅིའི་ཕྱིར་གནས་པར་དགོས་ཤེས་ཞུས་པས།  ཉིན་དེ་ལ་ཨ་ཀིས་ཀྱིས་དཱ་བིད་ལ་ཙིག་ལག་བཏང་ངོ་། དེའི་ཕྱིར་མདང་དེ་རིང་གི་བར་དུ་ཙིག་ལག་ནི་ཡ་ཧུ་དཱའི་རྒྱལ་པོ་ལ་གཏོགས་སོ།  དཱ་བིད་ནི་ཕེ་ལེ་ཤེད་པའི་ཡུལ་དུ་གནས་པའི་ཞག་གི་གྲངས་ནི། ལོ་གཅིག་དང་ཟླ་བ་བཞི་ཡོད་པ་ཡིན།
 ཡང་དཱ་བིད་དང་དེའི་མི་རྣམས་སོང་སྟེ། གེ་ཤུར་པ་དང་གེ་ཟེར་པ་དང་། ཨ་མ་ལེག་པ། མི་བརྒྱུད་གསུམ་དམག་དྲངས་སོ། ཤུར་ནས་བྱུང་སྟེ་མི་སེར་ཡུལ་གྱི་བར་དུ་མི་བརྒྱུད་གསུམ་དེ་ནི་སྔར་གྱི་དུས་ནས་བཟུང་སྟེ་ཡུལ་དེ་ན་གནས་སོ།  དཱ་བིད་ཀྱིས་ཡུལ་དེ་མེད་པར་བྱས་ཏེ། སྐྱེས་པ་དང་བུད་མེད་གཉིས་གསོན་པོར་མ་བཞག་པར། ལུག་དང་། བ་གླང་དང་། བོང་བུ་དང་། རྔ་བོང་དང་། གོས་ཕྲོག་ནས། ཕྱིར་ལོག་སྟེ་ཨ་ཀིས་ཀྱི་མདུན་དུ་ཕྱིན་ཏོ། ༡༠ དེར་ཨ་ཀིས་ཀྱིས། དེ་རིང་ཁྱེད་དམག་ཏུ་གང་དུ་སོང་བ་ཡིན་ཞེས་འདྲིས་ནས། དཱ་བིད་ཀྱིས། ང་ཡ་ཧུ་དཱ་ཡུལ་གྱི་ལྷོ་ཕྱོགས་དང་། ཡེ་ར་མེ་ཨེལ་པའི་ལྷོ་ཕྱོགས་དང་། ཀེ་ནི་པའི་ལྷོ་ཕྱོགས་སུ་དམག་ཏུ་ཕྱིན་པ་ཡིན་ཞེས་སྨྲས་སོ། ༡༡ དཱ་བིད་ཀྱིས་ཅིའི་ཕྱིར་མི་དང་བུད་མེད་རྣམས་གད་ཡུལ་དུ་ཁྱེར་ཏེ་གསོན་པོར་མ་བཞག་ཞེ་ན། ཁོའི་བསམ་པར་དེ་དག་གིས། དཱ་བིད་ཀྱིས་དེ་ལྟར་བྱས་ཟེར་ཏེ། དཔང་པོ་མི་གཏོང་བའི་ཕྱིར་རོ། ཕེ་ལེ་ཤེད་པའི་ཡུལ་དུ་གནས་པའི་བར་དུ་ཁོས་རྒྱུན་དུ་དེ་ལྟར་བྱས་སོ། ༡༢ ཡང་ཨ་ཀིས་ཀྱིས་དཱ་བིད་ཀྱི་གཏམ་ལ་ཡིད་ཆེས་ཏེ་འདི་སྐད་དུ། ཁོ་ནི་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་མདུན་དུ་ངེས་པར་སྐྱུག་བྲོ་བར་གྱུར་པས། རྒྱུན་དུ་ངའི་གཡོག་པོར་ལུས་པར་འགྱུར་རོ་ཞེས་སྨྲས་སོ༎