༢༤
དེ་ནས་འདི་ལྟར་བྱུང་ངོ་། ཤ་ཨུལ་ནི་ཕེ་ལེ་ཤེད་པ་ལ་དེད་པ་ལས་ལོག་པའི་ཚེ། མི་རྣམས་ཀྱིས་ཁོང་ལ། གཟིགས་ཤིག དཱ་བིད་ནི་ཨེན་གེ་དཱི་བྱ་བའི་བྱེ་ཐང་ན་འདུག་ཅེས་ཞུས་པས། ༢ ཤ་ཨུལ་གྱིས་ཨིས་ར་ཨེལ་ཐམས་ཅད་ནས་འདམས་པའི་མི་སྟོང་ཕྲག་གསུམ་ཁྲིད་ཅིང་། དཱ་བིད་དང་དེའི་མི་རྣམས་འཚོལ་བའི་ཕྱིར་སྐྱིན་གྱི་བྲག་ཏུ་ཕྱིན་ཏོ། ༣ དེ་ནས་ལམ་དུ་ཡོད་པའི་ལུག་རར་བསླེབ་སྟེ། དེ་རུ་བྲག་ཕུག་ཅིག་ཡོད་པས། ཤ་ཨུལ་རང་གི་རྐང་པ་འགེབས་པའི་ཕྱིར་དུ་དེར་ཞུགས་སོ། དེའི་དུས་སུ་དཱ་བིད་ནི་བྲག་ཕུག་དེའི་སྦུགས་སུ་བསྡད་དོ། ༤ དེར་དཱ་བིད་ཀྱི་མི་རྣམས་ཀྱིས་ཁོ་ལ། གཟིགས་ཤིག ཡ་ཧོ་ཝཱས་ཁྱེད་ལ། ངས་ཁྱོད་ཀྱི་དགྲ་བོ་ཁྱོད་ཀྱི་ལག་ཏུ་གཏང་། ཁྱོད་ཀྱིས་དེ་ལ་ཅི་དང་ཅི་བྱེད་པར་བསམ་ཀྱང་། དེ་ལྟར་བྱེད་པར་རུང་ངོ་ཞེས་གསུངས་པའི་ཉིན་ལ་བབས་སོ། ཞེས་སྨྲས་སོ། དེར་དཱ་བིད་ལངས་ནས། ཐོས་མ་བཅུག་པར་ཤ་ཨུལ་གྱི་གོས་ཀྱི་མཐའ་མ་བཅད་དོ། ༥ ཡང་དེའི་རྗེས་སུ་ཤ་ཨུལ་གྱི་གོས་ཀྱི་མཐའ་མ་བཅད་པའི་ཕྱིར། དཱ་བིད་ཀྱི་སྙིང་གིས་རང་ལ་སྨད་པར་བྱས་སོ། ༦ ཡང་དཱ་བིད་ཀྱིས་རང་གི་མི་རྣམས་ལ། ངས་ནི་རང་གི་དཔོན་པོ་ལ་ཉེས་པའི་ལས་ཤིག་བྱེད་པ་དང་། ཡ་ཧོ་ཝཱས་བྱུགས་པ་དེའི་ཕྱོགས་སུ་རང་གི་ལག་པ་རྐྱོང་བ་ནས་ཡ་ཧོ་ཝཱས་སྲུངས་ཤིག དེ་ཅིའི་ཕྱིར་ཞེ་ན། ཤ་ཨུལ་ནི་ཡ་ཧོ་ཝཱས་བྱུགས་པ་དེ་ལགས་སོ། ༧ ཞེས་པའི་གཏམ་གྱི་སྒོ་ནས་དཱ་བིད་ཀྱིས་རང་གི་མི་རྣམས་བཀག་སྟེ། ཤ་ཨུལ་ལ་རྒོལ་དུ་མ་གནང་ངོ་། ཡང་ཤ་ཨུལ་ལངས་ནས། བྲག་ཕུག་ནས་ཐོན་པ་དང་། རང་གི་ལམ་དུ་ཞུགས་སོ༎༨ དེ་ནས་དཱ་བིད་ལངས་ནས། བྲག་ཕུག་ནས་ཐོན་ཏེ། ཤ་ཨུལ་གྱི་ཕྱི་བཞིན་བོས་ཤིང་། ཀྱེ་བདག་གི་ཇོ་བོ། ཀྱེ་རྒྱལ་པོ་ཞེས་འབོད་སྒྲགས་པས། ཤ་ཨུལ་ཕྱི་མིག་བལྟས་སོ། དེར་དཱ་བིད་ཀྱིས་རང་གི་ལུས་ས་ལ་བརྡབས་ཏེ། ཕྱག་བཙལ་ཏོ། ༩ ཡང་དཱ་བིད་ཀྱིས་ཤ་ཨུལ་ལ། མི་རྣམས་ཀྱིས་ཁྱེད་ལ། ཀྱེ་ཧོ། དཱ་བིད་ཀྱིས་རྒྱལ་པོའི་སྡུག་བསྔལ་འཚོལ་ལོ་ཞེས་པའི་གཏམ་ལ་ཁྱེད་ཀྱིས་ཅིའི་ཕྱིར་གསན། ༡༠ གཟིགས་ཤིག ཡ་ཧོ་ཝཱས་ཁྱེད་ནི་དེ་རིང་བྲག་ཕུག་གི་ནང་དུ་ངའི་ལག་ཏུ་གནང་བ་ཡིན་པར། ཁྱེད་ཀྱི་སྤྱན་གྱིས་གཟིགས་སོ། མི་འགའ་ཞིག་གིས་ང་ལ། ཁོ་སོད་ཅིག་ཟེར་ཀྱང་། ངའི་མིག་གིས་ཁྱེད་ལ་ཕངས་པ་ཚོར་ནས་ངས་དེ་དག་ལ། ངའི་དཔོན་པོ་ནི་ཡ་ཧོ་ཝཱས་བྱུགས་པ་དེ་ཡིན་པས། ངའི་ལག་པ་རང་གི་དཔོན་པོའི་ཐོག་ཏུ་མི་རྐྱོང་ཞེས་སྨྲས་པ་ཡིན། ༡༡ ངའི་ཡབ། གཟིགས་ཤིག ངའི་ལག་ན་ཡོད་པའི་གོས་ཀྱི་མཐའ་འདི་ལ་གཟིགས་ཤིག ངས་ཁྱེད་ཀྱི་གོས་ཀྱི་མཐའ་མ་བཅད་ཀྱང་། ཁྱེད་རང་བསད་པ་མ་ཡིན། དེ་ལ་གཟིགས་ཏེ། འདི་རྟོགས་ཤིག ངའི་ལག་ན་ངན་པའམ་ཉེས་པ་ཅིའང་མེད་དེ། ངས་ནི་ཁྱེད་ལ་སྡིག་པ་མ་བྱས་ཀྱང་། ཁྱེད་ཀྱིས་ངའི་སྲོག་ལེན་དུ་ཅི་ལ་འདེད། ༡༢ ཡ་ཧོ་ཝཱས་ཁྱེད་དང་ང་གཉིས་ཀྱི་བར་ལ་གཤགས་མཛོད་ཅིག ཡ་ཧོ་ཝཱས་ཁྱེད་ལས་ངའི་ལན་ལེན་པར་ཤོག ངའི་ལག་པ་ཁྱེད་ཀྱི་ཐོག་ཏུ་མི་འདེགས། ༡༣ སྔ་མ་རྣམས་ཀྱི་གཏམ་དཔེར། ངན་པ་ལས་ངན་པ་འཐོན་ཟེར་ཡང་། ངའི་ལག་པ་ཁྱེད་ཀྱི་ཐོག་ཏུ་མི་འདེགས། ༡༤ ཨིས་ར་ཨེལ་གྱི་རྒྱལ་པོ་ནི་སུའི་རྗེས་སུ་འབྲང་། ཁྱེད་སུའི་རྗེས་སུ་འདེད། ཁྱི་ཤི་བའམ་ཁྱི་ཤིག་གི་རྗེས་སུ་འདེད་དམ། ༡༥ ཡ་ཧོ་ཝཱ་ཁྲིམས་དཔོན་དུ་གྱུར་ཅིག ང་དང་ཁྱོད་གཉིས་ཀྱི་བར་ལ་ཞལ་ཆེ་ཆོད་ཅིག ཁོང་གིས་གཟིགས་ཏེ། ངའི་དོན་མཛད་ནས། ང་ཁྱེད་ཀྱི་ལག་ནས་སྐྱོབ་པར་མཛོད་ཅིག་ཅེས་སྨྲས་སོ༎
༡༦ དེ་ནས་འདི་ལྟར་བྱུང་། དཱ་བིད་ཀྱིས་ཤ་ཨུལ་ལ་གཏམ་དེ་བྱས་ཟིན་པའི་འོག་ཏུ་ཤ་ཨུལ་གྱིས། ཀྱེ་དཱ་བིད། ངའི་བུ། སྐད་འདི་ནི་ཁྱེད་ཀྱི་སྐད་ཡིན་ནམ་ཞེས་འདྲིས་ནས། ཤ་ཨུལ་གྱིས་སྐད་དྲག་པོ་བཏོན་ཏེ་ངུས་སོ། ༡༧ ཡང་ཁོང་གིས་དཱ་བིད་ལ། ཁྱོད་ང་ལས་ལྷག་པར་ཆོས་དྲང་པོ་ཞིག་ཡིན། ངས་ཁྱོད་ལ་ངན་པ་བྱས་ཀྱི། ཁྱོད་ཀྱིས་ང་ལ་བཟང་པོ་བྱས་སོ། ༡༨ ཁྱོད་ཀྱིས་ང་ལ་ཇི་ལྟ་བུའི་ལས་བཟང་བྱས་པ་དེ་ནི་ཁྱོད་ཀྱིས་ང་ལ་ཉིན་མོ་འདི་ལ་བཤད་པ་ཡིན། ཡ་ཧོ་ཝཱས་ང་ནི་ཁྱོད་ཀྱི་ལག་ཏུ་གནང་བར་མཛད་ཀྱང་། ཁྱོད་ཀྱིས་ང་བསད་པ་མ་ཡིན། ༡༩ གལ་ཏེ་མི་ཞིག་ལ་རང་གི་དགྲ་བོ་རྙེད་ན། ཁོས་དེ་ནི་བདེ་བར་གཏོང་བར་བྱའམ། དེ་རིང་ཁྱོད་ཀྱིས་ང་ལ་དེ་ལྟར་བྱས་པས། ཡ་ཧོ་ཝཱས་ཁྱོད་ལ་བཟང་ལན་གནོང་ཞིག ༢༠ ཡང་ད་ལྟ་ལྟོས་ཤིག ཁྱོད་ནི་ངེས་པར་རྒྱལ་པོར་འགྱུར་བ་དང་། ཨིས་ར་ཨེལ་གྱི་རྒྱལ་ཁམས་ཁྱོད་ཀྱི་ལག་ཏུ་སླེབ་པར་ངས་རྟོགས་སོ། ༢༡ ད་ལྟ་ཁྱོད་ཀྱིས་ཡ་ཧོ་ཝཱའི་མནའ་སྐྱོལ། ངའི་རྗེས་སུ་ངའི་བརྒྱུད་འཛིན་གཅོད་པར་མི་བྱ་བ་དང་། ངའི་ཕའི་བརྒྱུད་འཛིན་ནས་ངའི་མིང་མེད་པར་མི་བྱ་བའི་མནའ་སྐྱོལ་ཞིག་ཅེས་སྨྲས་པས། ༢༢ དཱ་བིད་ཀྱིས་ཤ་ཨུལ་ལ་མནའ་བསྐྱལ་ཏེ། ཤ་ཨུལ་རང་གི་ཁང་པ་དང་། དཱ་བིད་དང་དེའི་མི་རྣམས་རི་ལ་ཕྱིན་ཏོ༎