༢༣
དེ་ནས་མི་རྣམས་ཀྱིས་དཱ་བིད་ལ། ཀྱེ་ཧོ། ཕེ་ལེ་ཤེད་པ་རྣམས་ཀྱིས་ཀེ་ཨི་ལཱ་རུ་འཐབ་མོ་བྱེད་ཅིང་། གཡུལ་ཐང་ཐམས་ཅད་འཕྲོག་པ་བྱེད་ཅེས་ཟེར་བས།  དཱ་བིད་ཀྱིས་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུ་སྟེ་སྨྲས་པ། བདག་ནི་ཕེ་ལེ་ཤེད་པ་འདི་དག་ལ་དམག་རྒྱབ་པར་འགྲོ་བར་རུང་ངམ། ཞེས་ཞུས་ནས་ཡ་ཧོ་ཝཱས། ཁྱོད་སོང་ལ། ཕེ་ལེ་ཤེད་པ་རྣམས་མེད་པར་བྱེད་ཅིང་། ཀེ་ཨི་ལཱ་སྐྱོབས་ཤིག་ཅེས་བཀའ་སྩལ་ཀྱང་།  དཱ་བིད་ཀྱི་མི་རྣམས་ཀྱིས་དེ་ལ། ཡ་ཧུ་དཱ་ཡུལ་འདི་ན་བདག་ཅག་ནི་འཇིགས་ཤིང་འདུག་པས། བདག་ཅག་ཀེ་ཨི་ལཱ་རུ་ཕེ་ལེ་ཤེད་པའི་དམག་དཔུང་གི་མདུན་དུ་འགྲོ་ན། ལྷག་པར་ཡང་འཇིགས་པར་འགྱུར་རོ་ཞེས་ཞུས་པས།  དཱ་བིད་ཀྱིས་ཕྱིར་ཡང་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུས་ནས། ཡ་ཧོ་ཝཱས་དེ་ལ། ད་ལོང་ལ། ཀེ་ཨི་ལཱ་རུ་མར་སོང་ཞིག་དང་། ངས་ཕེ་ལེ་ཤེད་པ་རྣམས་ཁྱོད་ཀྱི་ལག་ཏུ་གཏོང་བར་བྱ་ཞེས་པའི་བཀའ་ལན་གནང་བས།  དཱ་བིད་དང་དེའི་མི་རྣམས་ཀེ་ཨི་ལཱ་རུ་སོང་ནས། ཕེ་ལེ་ཤེད་པ་དང་དམག་བརྒྱབས་ཏེ། དེ་དག་གི་ཕྱུགས་ཕྲོག་ནས། གསོད་གཅོད་ཆེན་པོ་ཞིག་དང་འཕམ་པར་བྱས་སོ། དེ་ལྟར་དཱ་བིད་ཀྱིས་ཀེ་ཨི་ལཱ་པ་རྣམས་ལ་སྐྱབས་བྱས་སོ༎
 ཡང་ཨ་ཧི་མེ་ལེག་གི་བུ་ཨབ་ཡ་ཐར་་ཀེ་ཨི་ལཱ་རུ་དཱ་བིད་ཀྱི་མདུན་དུ་བྲོས་པའི་ཚེ། རང་གི་ལག་ཏུ་ཨེ་ཕོད་བཀུར་ཞིང་། མར་འོངས་སོ།  ཤ་ཨུལ་གྱིས་དཱ་བིད་་ཀེ་ཨི་ལཱ་རུ་བསླེབས་པའི་ཕྲིན་ཐོས་པས། ཤ་ཨུལ་གྱིས་ཁོ་ནི་སྒོ་དང་སྒོ་གཏན་ཡོད་པའི་གྲོང་ཁྱེར་དུ་ཞུགས་ནས་བཀར་བ་ཡིན་པས། དཀོན་མཆོག་གིས་ཁོ་ངའི་ལག་ཏུ་གནང་བ་ཡིན་ཞེས་སྨྲས་ནས།  ཤ་ཨུལ་གྱིས་མི་ཐམས་ཅད་ལ་དམག་བསྐུལ་བྱས་ཏེ། ཀེ་ཨི་ལཱ་རུ་མར་ཕྱིན་པ་དང་། དཱ་བིད་དང་དེའི་མི་རྣམས་ལ་དམག་སྐོར་གཏོང་བའི་ཕྱིར་ཁྲིད་དོ།  དེར་དཱ་བིད་ཀྱིས། ཤ་ཨུལ་གྱིས་ང་ལ་ངན་བྱེད་པར་སེམས་སོ་བརྟགས་པས། བླ་མ་ཨབ་ཡ་ཐར་ལ། ཨེ་ཕོད་འདི་རུ་ཁུར་ཤོག་སྨྲས་ནས། ༡༠ དཱ་བིད་ཀྱིས། ཀྱེ་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག ཤ་ཨུལ་་ཀེ་ཨི་ལཱ་རུ་འོང་ཞིང་། བདག་གི་རྒྱུ་ནས་གྲོང་ཁྱེར་དེ་འཇིག་པར་བྱ་ཞེས་པའི་ཕྲིན་ཁྱེད་ཀྱི་བྲན་པོ་བདག་གིས་ཐོས་པ་ཡིན། ༡༡ ཀེ་ཨི་ལཱ་པ་རྣམས་ཀྱིས་བདག་ཁོའི་ལག་ཏུ་གཏོད་པར་བྱའམ། ཁྱེད་ཀྱི་བྲན་པོས་ཐོས་པ་བཞིན་དུ་ཤ་ཨུལ་འདིར་འབབ་འོང་ངམ། ཀྱེ་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ཀྱི་བྲན་པོ་བདག་ལ་གསུང་བར་མཛོད་ཅེས་ཞུས་པས། ཡ་ཧོ་ཝཱས། ཁོ་འབབ་འོང་ཞེས་གསུངས་སོ། ༡༢ ཡང་སྐྱར་དཱ་བིད་ཀྱིས། ཀེ་ཨི་ལཱ་པ་རྣམས་ཀྱིས་བདག་དང་བདག་གི་གྲོགས་པོ་རྣམས་ཤ་ཨུལ་གྱི་ལག་ཏུ་གཏོད་པར་བྱའམ་ཞེས་ཞུས་པས། ཡ་ཧོ་ཝཱས། གཏོད་པར་བྱའོ་ཞེས་གསུངས་སོ། ༡༣ དེར་དཱ་བིད་དང་དེའི་གྲོགས་པོ་མི་དྲུག་བརྒྱ་ཙམ་ཞིག་ལངས་ནས། ཀེ་ཨི་ལཱ་ནས་ཐོན་ཏེ། འགྲོ་ཐུབ་ས་དེར་སོང་ངོ་། ཤ་ཨུལ་གྱིས་དཱ་བིད་་ཀེ་ཨི་ལཱ་ནས་འབུད་ཟིན་པའི་ཕྲིན་ཐོས་པས། འདེད་པར་མ་བྱས་སོ༎
༡༤ ཡང་དཱ་བིད་དབེན་པའི་གནས་བཙན་པོ་དེར་འདུག་སྟེ། སིབ་བྱ་བའི་བྱེ་ཐང་དང་རིའི་ཁྲོད་དུ་གནས་སོ། ཤ་ཨུལ་གྱིས་ཁོ་དེར་ཉིན་རེ་བཞིན་དུ་བཙལ་ཀྱང་། དཀོན་མཆོག་གིས་ཁོ་ཤ་ཨུལ་གྱི་ལག་ཏུ་མ་གནང་ངོ་༎
༡༥ དཱ་བིད་ནི་སིབ་བྱ་བའི་བྱེ་ཐང་གི་ཤིང་ཚོགས་ཤིག་ན་གནས་པའི་ཚེ། ཤ་ཨུལ་དེའི་སྲོག་འཚོལ་དུ་ཐོན་པ་བརྟགས་སོ། ༡༦ དེར་ཤ་ཨུལ་གྱི་སྲས་ཡོ་ན་ཐན་ལངས་ནས། ཤིང་ཚོགས་ཀྱི་ནང་དུ་དཱ་བིད་ཀྱི་མདུན་དུ་སོང་སྟེ། དཀོན་མཆོག་གི་མཚན་བརྗོད་ཅིང་། ཁོའི་ལག་པ་ལ་ཤེད་བཅུག་གོ། ༡༧ ཡང་ཁོས་དེ་ལ། མ་འཇིགས་ཤིག ཁྱོད་ངའི་ཕ་ཤ་ཨུལ་གྱི་ལག་པར་མི་སླེབ། ཁྱོད་ཨིས་ར་ཨེལ་གྱི་རྒྱལ་པོར་འགྱུར་བ་དང་། ང་ནི་ཁྱོད་ཀྱི་ལག་འོག་ཏུ་འགྱུར་བར་འགྱུར། བྱ་བ་དེ་ནི་ངའི་ཕ་ཤ་ཨུལ་གྱིས་ཡང་བརྟགས་སོ་ཞེས་སྨྲས་པས། ༡༨ དེ་གཉིས་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་ཁ་ཆད་བྱས་ནས། ཡོ་ན་ཐན་རང་གི་ཁང་པར་ཕྱིན་པ་དང་། དཱ་བིད་ཤིང་ཚོགས་ན་གནས་སོ༎
༡༩ དེ་ནས་སིབ་པ་རྣམས་གི་བེ་ཨ་རུ་ཤ་ཨུལ་གྱི་མདུན་དུ་སོང་སྟེ་དེ་ལ། དཱ་བིད་ནི་ཤིང་ཚོགས་ཀྱི་གནས་བཙན་པོ་དང་། ཡེ་ཤི་མོན་གྱི་ལྷོ་ཕྱོགས་སུ་ཡོད་པའི་རི་ཧ་ཀེ་ལཱ་དེར་ཡིབ་སྟེ་མི་འདུག་གམ། ༢༠ དེའི་ཕྱིར། ཀྱེ་རྒྱལ་པོ། ཁྱེད་ཉིད་ཀྱི་སྙིང་གི་ཐུགས་འཐད་བཞིན་དུ་མར་ཤོག་ཅིག་དང་། བདག་ཅག་གིས་ཁོ་ཁྱེད་རྒྱལ་པོའི་ཕྱག་ཏུ་གཏོད་པར་བྱ་ཞེས་ཞུས་ནས། ༢༡ རྒྱལ་པོས་དེ་དག་ལ། ཀྱེ་ཁྱོད་ཅག་ཡ་ཧོ་ཝཱའི་སྤྱན་སྔར་བྱིན་རླབས་བརྙེད་པ་རྣམས། ཁྱོད་ཅག་གིས་ང་ལ་སྙིང་རྗེ་བྱེད། ༢༢ ད་ཁྱོད་ཅག་སོང་སྟེ། བརྩོན་པར་བྱེད་དེ། ཁོའི་གནས་དང་རྐང་རྗེས་གར་ཡོད་ལ་བལྟས་ཤིང་རྟོགས་ཤིག ཡང་སུས་ཁོ་དེ་རུ་མཐོང་བ་ཡིན་པ་དེ་རྟོགས་ཤིག ཁོས་ཤིན་ཏུ་མཁས་པ་བྱེད་པ་ངས་ཐོས་པ་ཡིན། ༢༣ དེའི་ཕྱིར་ཡིབ་སྟེ་འདུག་པའི་ཡིབ་ས་ཐམས་ཅད་དུ་བལྟས་ནས། ངའི་མདུན་དུ་ཕྱིར་ལོག་འོང་སྟེ། ངེས་པར་རྟོགས་ཤིག དེ་ནས་ང་ཁྱོད་ཅག་དང་བཅས་སུ་འགྲོ་བ་དང་། ཁོ་ཡུལ་དེ་རུ་ཡོད་ན། ངས་ཁོ་ཡ་ཧུ་དཱ་པ་སྟོང་ཕྲག་ཐམས་ཅད་ཀྱི་ནང་ནས་འཚོལ་བར་བྱའོ། ཞེས་སྨྲས་སོ། ༢༤ དེར་དེ་དག་ལངས་ནས། སིབ་ཡུལ་དུ་ཤ་ཨུལ་གྱི་དྲུང་དུ་སོང་སྟེ།
དཱ་བིད་ནི་མཱ་ཨོན་བྱ་བའི་བྱེ་ཐང་ན་ཡེ་ཤི་མོན་གྱི་ལྷོ་ཕྱོགས་ཀྱི་བྱེ་ཐང་དེར་གནས་སོ། ༢༥ ཤ་ཨུལ་དང་དེའི་མི་རྣམས་ཁོ་འཚོལ་བར་ཕྱིན་ནས། དཱ་བིད་ཀྱིས་དེ་ལྟ་བུའི་འཕྲིན་ཐོས་སོ། དེའི་ཕྱིར་ཁོ་བྲག་དེ་རུ་མར་སོང་བ་དང་། མཱ་ཨོན་གྱི་བྱེ་ཐང་ན་གནས་སོ། ཤ་ཨུལ་གྱིས་འཕྲིན་དེ་ཐོས་ནས། མཱ་ཨོན་གྱི་ཐང་དུ་དཱ་བིད་ཀྱི་ཕྱི་བཞིན་དེད་དོ། ༢༦ དེར་ཤ་ཨུལ་ནི་རིའི་ཚུར་ཕྱོགས་སུ་ཕྱིན་པའི་ཚེ། དཱ་བིད་དང་དེའི་མི་རྣམས་རིའི་ཕར་ཕྱོགས་སུ་སོང་སྟེ། ཤ་ཨུལ་དང་དེའི་དམག་དཔུང་གིས་དཱ་བིད་དང་དེའི་མི་རྣམས་འཛིན་པར་སྐོར་བ་ཙམ་གྱིས། དཱ་བིད་་ཤ་ཨུལ་ལ་འཇིགས་ཏེ། འབྲོས་པ་ལ་བརྩོན་པར་བྱས་སོ། ༢༧ དེར་ཤ་ཨུལ་གྱི་དྲུང་དུ་བང་ཆེན་འོངས་ནས་དེ་ལ། ད་ཁྱེད་མྱུར་དུ་ཕེབས་ཤིག ཕེ་ལེ་ཤེད་པ་རྣམས་ཡུལ་དུ་བབས་སོ་ཞེས་པའི་འཕྲིན་ཞུས་པས། ༢༨ ཤ་ཨུལ་ནི་དཱ་བིད་ཀྱི་ཕྱི་བཞིན་དེད་པ་ལས་ལོག་སྟེ། ཕེ་ལེ་ཤེད་པའི་ཕྱོགས་སུ་ཕྱིན་ཏོ། དེའི་ཕྱིར་བྲག་དེའི་མིང་སེ་ལག་ཧམ་མག་ལེ་ཁོད་༼བོད་སྐད་དུ་ཐར་པའི་བྲག་༽ཅེས་བཏགས་སོ། ༢༩ ཡང་དཱ་བིད་གནས་དེ་ནས་ཐོན་ཏེ། ཨེན་གེ་དཱིའི་བྲག་ཕུག་བཙན་པོ་རྣམས་ལ་གནས་སོ༎