༢༢
དེ་ནས་དཱ་བིད་ཡུལ་ནས་ཐོན་ཏེ། བྲག་ཕུག་ཨ་དུལ་ལམ་ཞེས་བྱ་བ་དེར་བྲོས་སོ། དེ་ལྟ་བུའི་ལོན་ཁོའི་སྤུན་རྣམས་དང་ཕའི་བརྒྱུད་འཛིན་ཐམས་ཅད་ཀྱིས་ཐོས་པ་དང་། ཁོ་ཀུན་ཡང་དཱ་བིད་ཀྱི་རྩར་མར་ཕྱིན་ཏོ།  ཡང་སྡུག་བསྔལ་ཅན་དང་། བུ་ལོན་པ་དང་། བློ་མི་བདེ་བ་ཐམས་ཅད་ཁོའི་མདུན་དུ་འཛོམས་ནས། ཁོ་དེ་དག་གི་དཔོན་པོར་གྱུར་ཏེ། ཁོ་དང་བཅས་སུ་མི་བཞི་བརྒྱ་ཙམ་ཞིག་གནས་སོ༎
 ཡང་དཱ་བིད་ཡུལ་དེ་ནས་མོ་ཨབ་ཀྱི་མིས་ཕེ་རུ་སོང་སྟེ། མོ་ཨབ་ཀྱི་རྒྱལ་པོ་ལ། བདག་གི་ཕ་དང་མ་འདི་རུ་འོང་ཆུག དཀོན་མཆོག་གིས་བདག་ལ་ཅི་མཛད་པར་བྱ་བ་རྟོགས་པའི་བར་དུ། ཁྱེད་ཀྱི་སྐུ་མདུན་དུ་གནས་པར་གནོང་ཞིག་ཞུས་སོ།  དེ་ནས་དེ་གཉིས་མོ་ཨབ་ཀྱི་རྒྱལ་པོའི་དྲུང་དུ་ཁྲིད་ནས། དཱ་བིད་ནི་བྲག་ཕུག་གི་ནང་ན་སྡོད་པའི་བར་དུ་དེ་དག་དང་བཅས་སུ་གནས་སོ།  ཡང་ལུང་སྟོན་པ་གད་ཀྱིས་དཱ་བིད་ལ། བྲག་ཕུག་གི་ནང་ན་གནས་པར་མ་བྱེད་ཅིག ཁྱོད་སོང་སྟེ། ཡ་ཧུ་དཱ་ཡུལ་དུ་འགྲོ་དགོས་ཤེས་བསྐུལ་བས། དཱ་བིད་ལངས་ཏེ། ཧ་རེད་ཅེས་བྱ་བའི་ཤིང་ཚོགས་སུ་ཕྱིན་ཏོ༎
 ཤ་ཨུལ་ནི་གི་བེ་ཨ་ཡི་རཱ་མཱ་རུ་འོམ་བུ་ཤིང་ཞིག་གི་འོག་ཏུ་བསྡད་པ་དང་། ལག་པར་མདུང་ཐོགས་ཤིང་། གཡོག་པོ་རྣམས་ཁོའི་དྲུང་དུ་འགྲེང་ཞིང་འདུག་གོ། དེ་རུ་ཤ་ཨུལ་གྱིས། དཱ་བིད་དང་དེ་དང་བཅས་གནས་པའི་མི་རྣམས་ཡོད་པར་ཐོས་པས།  ཤ་ཨུལ་གྱིས་འཁོར་གཡོག་རྣམས་ལ། ཀྱེ་བེན་ཡ་མིན་པ་ཀུན། ད་ཉོན་ཅིག ཨི་ཤཱའི་བུ་དེས་ཁྱོད་ཅག་མི་རེ་རེ་ལ་ཞིང་དང་རྒུན་ཚལ་གཏོང་བར་བྱའམ། ཁྱོད་ཅག་མི་རེ་རེ་སྟོང་དཔོན་དང་བརྒྱ་དཔོན་དུ་འཇོག་པར་བྱའམ།  ཁྱོད་ཐམས་ཅད་ཀྱིས་ང་ལ་ངོ་ལོག་ཅིའི་ཕྱིར་བྱས་པ་ཡིན། ང་རང་གི་རང་ཕྲུག་གིས་ཨི་ཤཱའི་བུ་དང་བཅས་སུ་ཆད་ཀ་བྱས་པ་ཡིན་པ་ནི། མི་སུས་ཀྱང་ང་ལ་མ་བཤད། ཁྱོད་ཅག་གི་ནང་ནས་སུ་ཞིག་གིས་ཀྱང་ངའི་ཕྱིར་ཁོང་འཁྲུགས་མ་ཚོར་ཏེ། རང་གི་བུས་རང་གི་གཡོག་པོ་ནི་དེ་རིང་ང་འཛིན་པའི་ཕྱིར་དུ་སྒུག་པར་གཏོང་བ་དེ་ནི་སུས་ཀྱང་ང་ལ་མ་བཤད་ཅེས་སྨྲས་པས།  དེ་རུ་ཨེ་དོམ་པ་དོ་ཨེག་བྱ་བ། ཤ་ཨུལ་གྱི་གཡོག་པོ་ཐམས་ཅད་ཀྱི་ལས་དཔོན་དེས་ལན་བཏབ་ཅིང་། ངས་ཨི་ཤཱའི་བུ་དེ་ནི་ནོབ་ཡུལ་དུ། ཨ་ཧི་ཏུབ་ཀྱི་བུ་ཨ་ཧི་མེ་ལེག་མདུན་དུ་འོང་བར་མཐོང་བ་ཡིན། ༡༠ དེས་ནི་ཁོའི་དོན་དུ་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུས་ནས། ཁོ་ལ་ལྟོ་དང་ཕེ་ལེ་ཤེད་པ་གོལ་ཡད་ཀྱི་རལ་གྲི་བཏང་ངོ་ཞེས་ཞུས་སོ༎
༡༡ དེ་ནས་རྒྱལ་པོས་ཨ་ཧི་ཏུབ་ཀྱི་བུ། བླ་མ་ཨ་ཧི་མེ་ལེག་དང་། དེའི་ཕ་ཡི་བརྒྱུད་འཛིན་དང་། ནོབ་ཏུ་གནས་པའི་བླ་མ་ཐམས་ཅད་ལ་འབོད་མཁན་བཏང་བས། དེ་ཐམས་ཅད་རྒྱལ་པོའི་དྲུང་དུ་འོངས་ནས། ༡༢ ཤ་ཨུལ་གྱིས། ཀྱེ་ཨ་ཧི་ཏུབ་ཀྱི་བུ། ད་ཁྱོད་ཉོན་ཅིག་ཅེས་བསྐུལ་བས། དེས་ནི། ཀྱེ་ཇོ་བོ། ང་འདི་རུ་ཡོད་ཅེས་པའི་ལན་ཞུས་སོ། ༡༣ ཤ་ཨུལ་གྱིས་ཁོ་ལ། ཁྱོད་དང་ཨི་ཤཱའི་བུ། ཁྱོད་གཉིས་ཀྱིས་ཅིའི་ཕྱིར་ང་ལ་ངོ་ལོག་བྱས། ཁྱོད་ཀྱིས་ཁོ་ལ་བག་ལེབ་དང་རལ་གྲི་ཞིག་བཏང་ནས། ཁོའི་དོན་དུ་དཀོན་མཆོག་ནས་ཐུགས་བརྟག་ཞུས་པས། དེ་རིང་ཁོ་ལངས་ཏེ། ང་འཛིན་པར་སྒུག་གིན་འདུག་ཅེས་སྨྲས་ནས། ༡༤ ཨ་ཧི་མེ་ལེག་གིས་རྒྱལ་པོ་ལ། ཁྱེད་ཀྱི་གཡོག་པོའི་ཁྲོད་ན་དཱ་བིད་དང་འདྲ་བར་གཡོ་སྒྱུ་མེད་མཁན་ཞིག་སུ་ཡང་མེད། ཁོ་ནི་རྒྱལ་པོའི་མག་པ་དང་། གྲོས་མི་དང་། ཁྱེད་ཀྱི་ཁྱིམ་ན་བཀུར་སྟི་རྙེད་འོས་པ་ཞིག་མ་ཡིན་ནམ། ༡༥ ངས་ནི་ཁོའི་དོན་དུ་དཀོན་མཆོག་ནས་ཐུགས་རྟགས་ཞུ་བར་བརྩམས་པ་ཡིན་ཟེར་ན། དེ་ལྟ་བུ་ཞིག་མ་ཡིན། རྒྱལ་པོས་ཉིད་ཀྱི་བྲན་མི་སེར་བདག་རང་དང་། བདག་གི་ཕའི་བརྒྱུད་འཛིན་ལ་དེ་ལྟ་བུའི་ལས་ཤིག་མ་བཀལ་ཅིག དེ་ལྟ་བུའི་ལས་ཆེ་ཆུང་ཅི་ཡོད་ཀྱང་། ཉིད་ཀྱི་བྲན་པོ་བདག་གིས་གང་ཡང་མི་ཤེས་སོ། ༡༦ ཞེས་ཞུས་པའི་ལན་དུ་རྒྱལ་པོས། ཀྱེ་ཨ་ཧི་མེ་ལེག ཁྱོད་དང་ཁྱོད་ཀྱི་ཕའི་བརྒྱུད་འཛིན་ཐམས་ཅད་ཡོངས་སུ་འཆི་བར་དགོས་ཤེས་སྨྲས་ནས། ༡༧ རྒྱལ་པོའི་དྲུང་དུ་བསྡད་པའི་བང་ཆེན་རྣམས་ལ། ད་ལོང་ལ། ཡ་ཧོ་ཝཱའི་བླ་མ་རྣམས་སོད་ཅིག དེ་དག་གི་ལག་པ་ནི་དཱ་བིད་དང་འདྲེས་པ་ཡིན་ཏེ། དེ་དག་ལ་དཱ་བིད་བྲོས་པའི་རྒྱུས་ཡོད་ཀྱང་། ང་ལ་དེ་ལྟ་བུའི་འཕྲིན་མ་བཏངས་སོ་ཞེས་སྨྲས་ཀྱང་། རྒྱལ་པོའི་གཡོག་པོ་རྣམས་ཀྱིས་ཡ་ཧོ་ཝཱའི་བླ་མ་རྣམས་འཛིན་པའི་ཕྱིར་དུ་ལག་པ་རྐྱོང་བར་མ་འཐད་དོ། ༡༨ དེ་རུ་རྒྱལ་པོས་དོ་ཨེག་ལ། བླ་མ་དེ་རྣམས་ལ་རུབ་ཅིག་ཅེས་བསྐུལ་བས། ཨེ་དོམ་པ་དོ་ཨེག་ལངས་ནས། བླ་མ་དེ་རྣམས་ལ་རུབ་སྟེ། ཉིན་དེ་ལ་རས་ཀྱི་ཨེ་ཕོད་གོན་པའི་མི་བརྒྱད་ཅུ་གྱ་ལྔ་བསད་དོ། ༡༩ ཡང་བླ་མའི་གྲོང་ཁྱེར་ནོབ་བྱ་བ་དེ་ལ་རལ་གྲིའི་ཁ་བརྒྱབས་ཏེ། མི་དང་བུད་མེད། ཕྲུ་གུ་དང་འོ་འཐུང་། བ་གླང་དང་བོང་བུ་དང་ལུག དེ་ཐམས་ཅད་རལ་གྲིའི་ཁས་བསད་དོ༎
༢༠ དེར་ཨ་ཧི་ཏུབ་ཀྱི་བུ་ཨ་ཧི་མེ་ལེག་གི་བུ་རྣམས་ཀྱི་ནང་ནས་གཅིག ཨབ་ཡ་ཐར་ཞེས་བྱ་བ་དེ་འབུད་ནས། དཱ་བིད་ཀྱི་མདུན་དུ་བྲོས་སོ། ༢༡ ཨབ་ཡ་ཐར་གྱིས་དཱ་བིད་ལ། ཤ་ཨུལ་གྱིས་ཡ་ཧོ་ཝཱའི་བླ་མ་ཐམས་ཅད་བསད་པའི་འཕྲིན་བཤད་པ་དང་། ༢༢ དཱ་བིད་ཀྱིས་ཨབ་ཡ་ཐར་ལ། ཨེ་དོམ་པ་དོ་ཨེག་དེར་ཡོད་པའི་ཉིན་མོ་དེ་ལ། ཁོས་ནི་ཤ་ཨུལ་ལ་ཡོངས་སུ་འཆད་པར་བྱ་བར་ངས་ཤེས་སོ། ཁྱོད་ཀྱི་ཕའི་བརྒྱུད་འཛིན་ཐམས་ཅད་ཤི་བའི་རྒྱུ་དེ་ནི་ང་ཡིན་པས། ༢༣ ཁྱོད་མ་འཇིགས་ཏེ། ང་དང་མཉམ་དུ་སྡོད་ཅིག སུས་ངའི་སྲོག་འཚོལ་ན། ཁྱོད་ཀྱི་སྲོག་ཡང་འཚོལ་ལོ། ཁྱོད་ནི་ང་དང་མཉམ་དུ་བརྟན་པར་གནས་པར་འགྱུར་རོ་ཞེས་སྨྲས་སོ༎