༢༡
དེ་ནས་དཱ་བིད་་ནོབ་ཏུ་བླ་མ་ཨ་ཧི་མེ་ལེག་ཞེས་བྱ་བའི་དྲུང་དུ་བསླེབས་ནས། ཨ་ཧི་མེ་ལེག་ནི་དཱ་བིད་དང་འཕྲད་དུ་འདར་གྱིན་འོངས་ཏེ་དེ་ལ། ཁྱེད་མཉམ་དུ་མི་གང་ཡང་མེད་དེ། ཁྱེད་གཅིག་པུར་ཅིའི་ཕྱིར་འོང་ཞེས་འདྲིས་ནས།  དཱ་བིད་ཀྱིས་བླ་མ་ཨ་ཧི་མེ་ལེག་ལ། རྒྱལ་པོས་ང་ལ་ལས་ཤིག་བསྐོས་ཏེ་ང་ལ། ངས་ཁྱོད་གང་དུ་གཏོང་བ་དང་། ཁྱོད་ལ་ལས་གང་བསྐོས་པ། དེའི་རྒྱུས་མི་སུ་ལ་ཡང་མངོན་པར་མ་བྱེད་ཅིག་ཅེས་བཀའ་གནང་བས། ངས་ནི་རང་གི་གཞོན་ནུ་རྣམས་གནས་གཞན་ཞིག་ཏུ་བཏང་བ་ཡིན།  ད་ལྟ་ཁྱེད་ཀྱི་ལག་ཐོག་ཅི་ཡོད། བག་ལེབ་ལྔའམ་འདིར་གང་ཡོད་པ་དེ་ངའི་ལག་ཏུ་གནོང་ཞིག  ཅེས་པའི་ལན་དུ་བླ་མས་དཱ་བིད་ལ། དཀྱུས་མའི་བག་ལེབ་ནི་ང་རང་གི་ལག་ཐོག་མེད་དེ། འདི་རུ་བག་ལེབ་དམ་པ་ཡོད། གལ་ཏེ་ཁྱེད་ཀྱི་གཞོན་ནུ་རྣམས་ཀྱིས་རེ་རང་གི་ལུས་བུད་མེད་ལས་བསྲུངས་ཡོད་ན། ལེགས་སོ་སྨྲས་པས།  དཱ་བིད་ཀྱིས་བླ་མ་ལ། བདེན་པར་ཞག་གསུམ་ནས་བཟུང་སྟེ། ང་ཚོས་རེ་རང་གི་ལུས་བུད་མེད་ལས་བསྲུངས་པ་ཡིན། འདི་ནི་རྒྱུན་གྱི་བྱེས་ཤིག་ཡིན་ནའང་། ཐོན་པའི་ཚེ་གཞོན་ནུ་རྣམས་ཀྱི་སྣོད་ཐམས་ཅད་གཙང་མ་ཡིན་ཏེ། དེ་རིང་ནི་ཅི་ནས་ཀྱང་དེ་དག་གི་སྣོད་རྣམས་ལྷག་པར་གཙང་བ་ཡོད་འགྲོ།  ཞེས་སྨྲས་པས། བླ་མས་ཁོ་རྣམས་ལ་བག་ལེབ་དམ་པ་གནང་ངོ་། དེ་ཅིའི་ཕྱིར་ཞེ་ན། གཟིགས་པའི་བག་ལེབ་དེ་མ་གཏོགས་པར། གཞན་གང་ཡང་དེ་རུ་མེད་པ་ཡིན། ཡང་བག་ལེབ་ཚབ་ཞིག་འབུལ་བའི་སྐབས་སུ། བག་ལེབ་དེ་ནི་ཡ་ཧོ་ཝཱའི་སྤྱན་གྱི་དྲུང་ནས་འཁྱེར་ཏོ༎
 ཉིན་དེ་ལ་ཤ་ཨུལ་གྱི་གཡོག་པོའི་ནང་ནས་མི་ཞིག་དེ་ཡ་ཧོ་ཝཱའི་དྲུང་དུ་དེ་རུ་ལུས་པ་ཡིན་ཏེ། མི་དེའི་མིང་དོ་ཨེག ཨེ་དོམ་པ། ཤ་ཨུལ་གྱི་དཀོར་དཔོན་དེ་ཡིན་ནོ༎
 ཡང་དཱ་བིད་ཀྱིས་ཨ་ཧི་མེ་ལེག་ལ། འདི་རུ་ཁྱེད་ཀྱི་ཕྱག་ཏུ་མདུང་ངམ་རལ་གྲི་མེད་དམ། རྒྱལ་པོའི་ལས་ལ་རིངས་ནས། ངས་རང་གི་རལ་གྲིའམ་མཚོན་ཆ་རང་མཉམ་དུ་ཁུར་བ་མ་ཡིན།  ཞེས་ཞུས་པས། བླ་མས། ལུང་པ་ཨེ་ལཱ་ཡི་ནང་ན་ཁྱེད་ཀྱིས་བསད་པའི་ཕེ་ལེ་ཤེད་པ་གོལ་ཡད་ཀྱི་རལ་གྲི་ནི་འདི་རུ་ཡོད། ལྟོས་ཤིག རས་ཀྱིས་བཏུམ་སྟེ་ཨེ་ཕོད་ཀྱི་རྒྱབ་ཏུ་ཡོད། དེ་ལེན་པར་དགའ་ན། ལེན་ཅིག དེ་མ་གཏོགས་པར་གཞན་གང་ཡང་འདི་རུ་མེད་ཟེར་བས། དཱ་བིད་ཀྱིས། འདི་དང་འདྲ་བར་གཞན་གང་ཡང་མེད་པས། དེ་ང་ལ་གནོང་ཞིག་ཅེས་ཞུས་སོ༎
༡༠ ཡང་དཱ་བིད་་ཤ་ཨུལ་ལ་འཇིགས་པས། ལངས་ཏེ་ཉིན་དེ་ལ་བྲོས་ནས། གད་ཀྱི་རྒྱལ་པོ་ཨ་ཀིས་ཀྱི་དྲུང་དུ་ཕྱིན་ཏོ། ༡༡ དེ་རུ་ཨ་ཀིས་ཀྱི་བྲན་རྣམས་ཀྱིས་ཁོང་ལ། མི་འདི་ནི་དཱ་བིད། ཡུལ་དེའི་རྒྱལ་པོ་མ་ཡིན་ནམ། དེ་དག་གིས། ཤ་ཨུལ་གྱིས་སྟོང་རྣམས་བསད། དཱ་བིད་ཀྱིས་ཁྲི་ཚོ་རྣམས་བསད། ཅེས་གར་རྩེས་ནས་སྟོད་གླུ་བླངས་པ་དེ་མ་ཡིན་ནམ་ཞེས་ཞུས་སོ། ༡༢ དེ་རུ་དཱ་བིད་ཀྱིས་གཏམ་དེ་ནི་སྙིང་ལ་བཞག་སྟེ། གད་ཀྱི་རྒྱལ་པོ་ཨ་ཀིས་ལ་ཤིན་ཏུ་འཇིགས་སྐྲགས་སོ། ༡༣ རང་གི་བྱ་སྤྱོད་ནི་དེ་དག་གི་མིག་གི་མདུན་དུ་བསྒྱུར་ནས། དེ་དག་གི་ལག་ཏུ་བསླེབས་ནས་སྨྱོ་བའི་ཚུལ་བྱས་པ་དང་། རྟ་སྒོ་ཡི་སྒོ་ལ་རྡུང་ཞིང་། མཆིལ་མ་སྨ་རའི་ཐོག་ཏུ་འཐིག་ཏུ་བཅུག་གོ། ༡༤ དེ་རུ་ཨ་ཀིས་ཀྱིས་རང་གི་བྲན་པོ་རྣམས་ལ། ད་ལྟོས་ཤིག མི་འདི་ནི་སྨྱོན་པ་ཡིན་ཏེ། ངའི་མདུན་དུ་ཅིའི་ཕྱིར་ཁྲིད་པ་ཡིན། ༡༥ མི་སྨྱོན་པ་ང་ལ་ཉུང་སོང་ངམ། སྨྱོ་བར་བྱེད་པའི་ཕྱིར་ཁྱོད་ཅག་གིས་མི་དེ་ངའི་མདུན་དུ་ཁྲིད་པ་ཡིན་ནམ། མི་འདི་ངའི་ཁང་པར་འཇུག་པར་འགྱུར་རམ། ཞེས་སྨྲས་སོ༎