༢༠
དེ་ནས་དཱ་བིད་་རཱ་མཱ་ཡི་ནཱ་ཡོད་ནས་བྲོས་ནས། ཡོ་ན་ཐན་གྱི་དྲུང་དུ་འོང་སྟེ་ཟེར་པ། ངས་ཅི་བྱས་པ་ཡིན། ངའི་སྐྱོན་ཅི་ཡིན། ངས་ནི་ཁྱེད་ཀྱི་ཕ་ཡི་དྲུང་དུ་ཉེས་སྡིག་ཅི་བྱས་པ་ཡིན། དེས་ངའི་སྲོག་ལ་སྙེག་གོ། ༢ ཞེས་སྨྲས་པས་དེས་ནི། དེ་ལྟར་མིན། ཁྱོད་འཆི་བར་མི་འགྱུར། ད་ལྟོས་ཤིག བྱ་བ་ཞིག་ཆེན་པོ་ཡིན་ནམ་ཆུང་བ་ཡིན་ཀྱང་། ང་ལ་མ་བཤད་པའི་སྔོན་དུ་ངའི་ཕ་ཡིས་མི་བྱ། གཏམ་དེ་ནི་ངའི་ཕ་ཡིས་ང་ལ་ཅིའི་ཕྱིར་སྦ་བར་བྱ། དེ་ལྟར་མི་འོང་། ༣ དེ་རུ་དཱ་བིད་ཀྱིས་ཡང་མནའ་བསྐྱལ་ཏེ་དེ་ལ། ང་ལ་ཁྱེད་ཀྱི་སྤྱན་དྲུང་དུ་སྙིང་རྗེ་བརྙེད་ཡོད་པར་ཁྱེད་ཀྱི་ཕ་ཡིས་ལེགས་པར་ཤེས་པས། ཡོ་ན་ཐན་ལ་ཁོང་འཁྲུགས་མི་བྱུང་བའི་ཕྱིར་དུ་འདི་ནི་ཤེས་མ་ཆུག་ཅིག ཅེས་ཁྱེད་ཀྱི་ཕ་ཡིས་སྨྲས་སོ། ཡ་ཧོ་ཝཱ་དང་ཁྱེད་ཀྱི་སེམས་གསོན་པོ་ལགས་པར་ངེས་པ་ལྟར། ང་དང་འཆི་བ་གཉིས་ཀྱི་བར་དུ་གོམ་པ་གཅིག་མ་གཏོགས་མེད། ༤ ཅེས་པའི་ལན་དུ་ཡོ་ན་ཐན་གྱིས་དཱ་བིད་ལ། ཁྱེད་ཀྱི་སེམས་ནི་གང་ལ་དགའ་ན་ཡང་། དེ་ནི་ངས་ཁྱོད་ཀྱི་དོན་དུ་བྱའོ་ཞེས་སྨྲས་ནས། ༥ དཱ་བིད་ཀྱིས་ཡོ་ན་ཐན་ལ། ཀྱེ་ཧོ། སང་ཉིན་ཟླ་ཚེས་ཡིན་པས། ང་ནི་རྒྱལ་པོ་དང་མཉམ་ཁ་ཟས་ཟ་བ་ལ་སྡོད་པར་དགོས། དེའི་ཕྱིར་ང་འགྲོ་ཆུག ང་ཐང་དུ་སོང་སྟེ། ནུབ་མོ་གསུམ་གྱི་བར་དུ་ཡིབ་ནས་བསྡད་ཡོང་། ༦ གལ་ཏེ་ཁྱེད་ཀྱི་ཕས་ང་འཚོལ་ན། ཁྱེད་ཀྱིས་འདི་ལྟར་སྨྲོས་ཤིག དཱ་བིད་རང་གི་གྲོང་ཁྱེར་བེད་ལེ་ཧེམ་དུ་འགྲོ་བའི་ཕྱིར་ང་ནས་དགོངས་པ་ཞུས་སོ། དེ་རུ་དེའི་བརྒྱུད་ཀྱིས་ལོ་ལྟར་གྱི་མཆོད་པ་འབུལ་བར་བྱེད། ༧ གལ་ཏེ་ཁོང་གིས་ལེགས་སོ་སྨྲ་ན། ཁྱེད་ཀྱི་བྲན་བདག་ལ་ཞི་བདེ་འབྱུང་བར་འགྱུར། གལ་ཏེ་ཁོང་གིས་ཁྲོས་ན། ལས་ངན་པ་བྱེད་དུ་སེམས་ཐག་ཧྲིལ་བ་ཤེས་ཤིག ༨ ཁྱེད་ཀྱིས་ཉིད་ཀྱི་བྲན་བདག་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་ནང་དུ་ཁྲིད་པས། ཁྱེད་ཀྱི་བྲན་མི་ལ་བཀའ་དྲིན་མཛོད་ཅིག བདག་གི་ནང་ན་ཉེས་སྡིག་ཡོད་ན། ཁྱེད་ཀྱིས་བདག་སོད་ཅིག ཁྱེད་ཀྱི་ཕ་ཡི་དྲུང་དུ་བདག་ནི་ཅིའི་ཕྱིར་འཁྲིད་པར་བྱ། ༩ ཞེས་ཞུས་ནས་ཡོ་ན་ཐན་གྱིས། དེ་ལྟར་མ་བྱུང་ཞིག ངའི་ཕ་ཡིས་ཁྱོད་ལ་ངན་བྱེད་ཐག་ཆོད་ཡིན་པ་ངས་རྟོགས་ན། ངས་ཁྱོད་ལ་ཅིའི་ཕྱིར་མི་ལབ། ༡༠ ཅེས་སྨྲས་ནས། དཱ་བིད་ཀྱིས་ཡོ་ན་ཐན་ལ། གལ་ཏེ་ཁྱེད་ཀྱི་ཕས་ཁྱེད་ལ་ལན་དྲག་པོ་ཞིག་གཏོང་ན། སུས་ང་ལ་ལབ་པར་བྱ། ༡༡ ཞེས་ཞུས་ནས་ཡོ་ན་ཐན་གྱིས་དཱ་བིད་ལ། ད་འགྲོ་དང་། ང་གཉིས་ཐང་དེ་རུ་འགྲོ་བར་བྱ་ཞེས་ཟེར་ནས། ཁོ་གཉིས་ཀ་ཐང་དེ་རུ་སོང་ནས།༡༢ ཡོ་ན་ཐན་གྱིས་དཱ་བིད་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་དཔང་པོར་ཞུགས་ཤིག སང་ཉིན་ནམ། ཞག་གསུམ་པའི་ཆུ་ཚོད་འདི་ལ་ངས་རང་གི་ཕ་ལ་ཚོད་ལེན་པར་བྱ། གལ་ཏེ་དཱ་བིད་ཀྱི་དོན་དུ་བཟང་པོ་ཞིག་འབྱུང་ན། ངས་བང་ཆེན་གཏོང་ཞིང་། ཁྱོད་ལ་ཅིའི་ཕྱིར་མི་ལབ། ༡༣ གལ་ཏེ་ངའི་ཕས་ཁྱོད་ལ་ངན་བྱེད་དུ་དགའ་སྟེ། ཁྱེད་བདེ་བར་འགྲོ་བའི་ཕྱིར། ཁྱེད་ལ་མི་འཆགས་པར། ཁྱེད་ཕར་འགྲོ་རུ་མི་འཇུག་ན། ཡ་ཧོ་ཝཱས་ཡོ་ན་ཐན་ལ་འདི་ལྟ་བུའམ་དེ་བས་ལྷག་པར་མཛད་པར་ཤོག་ཅིག ཡ་ཧོ་ཝཱ་ནི་ང་རང་གི་ཕ་དང་མཉམ་དུ་བཞུགས་པ་ལྟར། ཁྱོད་དང་མཉམ་དུ་བཞུགས་ཤིག ༡༤ ང་ཡང་མི་འཆི་བའི་ཕྱིར། ང་གསོན་རིང་དུ་ཁྱོད་ཀྱིས་ང་ལ་ཡ་ཧོ་ཝཱའི་སྙིང་རྗེ་སྟོན་པ་མ་ཟད་དེ། ༡༥ དུས་རྒྱུན་དུའམ། ཡ་ཧོ་ཝཱས་དཱ་བིད་ཀྱི་དགྲ་བོ་རེ་རེ་ས་གཞིའི་ཁ་ནས་གཅོད་པར་མཛད་པའི་བར་དུ། ཁྱོད་ཀྱི་སྙིང་རྗེ་ང་རང་གི་བརྒྱུད་དང་མ་བྲལ་ཞིག ༡༦ ཅེས་སྨྲས་ནས། ཡོ་ན་ཐན་གྱིས་དཱ་བིད་ཀྱི་བརྒྱུད་དང་བཅས་སུ་ཆད་ཀ་བྱེད་ཅིང་། དཱ་བིད་ཀྱི་དགྲ་བོ་རྣམས་ལ་ཡ་ཧོ་ཝཱས་ལན་འདེབས་པར་བྱའོ་ཞེས་སྨྲས་སོ། ༡༧ ཡོ་ན་ཐན་གྱིས་དཱ་བིད་གཅེས་པར་འཛིན་པས། དེ་ལ་ཡང་སྐྱར་མནའ་སྐྱེལ་དུ་བཅུག་གོ། ཁོས་ནི་རང་ཉིད་ཀྱི་སྲོག་ལ་གཅེས་པར་འཛིན་པ་ལྟར་དེ་གཅེས་པར་བཟུང་ངོ་༎
༡༨ དེ་ནས་ཡོ་ན་ཐན་གྱིས་དེ་ལ། སང་ཉིན་ཟླ་ཚེས་ཡིན་ཏེ། ཁྱོད་ཀྱི་ཤིང་ཁྲི་སྟོང་པ་ཡོད་ན། ཁྱོད་མི་འདུག་པར་རྟོགས་པར་འགྱུར་རོ། ༡༩ དེ་ནས་ཞག་གསུམ་བསྡད་པའི་འོག་ཏུ་ཁྱོད་མྱུར་དུ་མར་འོང་དང་། ལས་ངན་གྱི་ཉིན་པར་ཁྱོད་གང་དུ་ཡིབ་སྟེ་བསྡད་པ་ཡིན། དེར་སོང་སྟེ། ཨེ་ཙེལ་བྱ་བའི་ཕ་བོང་གི་རྩར་སྡོད་ཅིག ༢༠ དེ་རུ་ངས་འབེན་དུ་འཕངས་པ་ལྟར། ཕ་བོང་དེའི་ཕྱོགས་སུ་མདའ་གསུམ་འཕེན་པར་བྱ། ༢༡ དེ་ནས་ངས་གཞོན་ནུ་ཞིག་གཏོང་ཞིང་དེ་ལ། ད་སོང་དང་། མདའ་ཚོལ་ཞིག་ཟེར་བར་བྱ། གལ་ཏེ་ངས་གཞོན་ནུ་ལ། ལྟོས། མདའ་ཁྱོད་ཀྱི་མདུན་དུ་འདུག བཟུང་སྟེ་འོང་ཞེས་སྐུལ་ན། ཞི་བདེ་ཡོད་པས། ཁྱོད་འོང་ཞིག ཡ་ཧོ་ཝཱ་གསོན་པར་ངེས་པ་ལྟར། ཁྱོད་ལ་གནོད་པ་ཅིའང་མེད། ༢༢ གལ་ཏེ་ངས་གཞོན་ནུ་ལ། ལྟོས། མདའ་ཁྱོད་ནས་ཐལ་ཏེ་འདུག་ཅེས་སྐུལ་ན། ཡ་ཧོ་ཝཱས་ཁྱོད་ཡུལ་གཞན་དུ་བསྩལ་བས། ཁྱོད་སོང་ཞིག ༢༣ ཡང་ཁྱོད་དང་ང་གཉིས་ཀྱིས་གང་སྨྲས་པ་ཡིན་པ། དེའི་ནང་ན་ཡ་ཧོ་ཝཱ་ཁྱོད་དང་ང་གཉིས་ཀྱི་བར་ལ་དཔང་པོར་བཞུགས་སོ་ཞེས་སྨྲས་སོ༎
༢༤ དེ་ནས་དཱ་བིད་ཐང་དེ་རུ་ཡིབ་སྟེ་བསྡད་པ་དང་། ཟླ་ཚེས་ཀྱི་ཚེ་རྒྱལ་པོ་བཤོས་གསོལ་བ་ལ་བསྡད་དོ། ༢༥ ཡང་རྒྱལ་པོ་ཉིད་ཀྱི་ཁྲིམས་བཞིན་དུ་རྩིག་པའི་གན་དུ་ཁྲིའི་ཁར་བསྡད་དེ། ཡོ་ན་ཐན་ལངས་ནས། ཤ་ཨུལ་གྱི་གཞོགས་སུ་ཨབ་ནེར་བསྡད་དེ། དཱ་བིད་ཀྱི་གྲལ་སྟོང་པ་ལགས་ཀྱང་།
༢༦ ཤ་ཨུལ་གྱིས་ཉིན་དེ་ལ་ཅང་མ་སྨྲས་ཤིང་། ཁོ་ལ་ཅི་ཞིག་བྱུང་བས། གཙང་བ་མེད། ཡོངས་སུ་ཁོ་གཙང་བ་མེད་ཅེས་བསམས་སོ། ༢༧ ཡང་སང་ཉིན་ཟླ་ཚེས་ཀྱི་ཞག་གཉིས་པ་རུ། དཱ་བིད་ཀྱི་གྲལ་སྟོང་པ་ཡོད་པས། ཤ་ཨུལ་གྱིས་ཉིད་ཀྱི་སྲས་ཡོ་ན་ཐན་ལ། ཨི་ཤཱ་ཡི་བུ་དཱ་བིད་ནི་བཤོས་གསོལ་དུ་མདང་ཡང་མ་འོངས། དེ་རིང་ཡང་མི་འོང་བ་ཅི་ལ་ཡིན་ཞེས་སྨྲས་པའི་ལན་དུ། ༢༨ ཡོ་ན་ཐན་གྱིས་ཤ་ཨུལ་ལ། དཱ་བིད་ཀྱིས་བེད་ལེ་ཧེམ་དུ་འགྲོ་བའི་ཕྱིར་ང་ནས་དགོངས་པ་ཞུས་སོ། ༢༩ ཁོས་ང་ལ། ང་འགྲོ་བར་གནོང་ཞིག ངའི་བརྒྱུད་འཛིན་གྱིས་གྲོང་ཁྱེར་དེ་རུ་མཆོད་པ་འབུལ་བས། ངའི་སྤུན་གྱིས་ང་དེ་རུ་འོང་དུ་སྨྲས་བྱུང་། ང་ལ་ཁྱེད་ཀྱི་སྤྱན་དྲུང་དུ་ཐུགས་རྗེ་རྙེད་པ་ཡིན་ན། ང་དེ་རུ་སོང་སྟེ། རང་གི་སྤུན་རྣམས་ལ་ལྟ་བར་གནོང་ཞིག ཅེས་ཞུས་པས། ཁོ་རྒྱལ་པོའི་གསོལ་ལྕོག་ཏུ་མ་འོངས་སོ་ཞེས་སྨྲས་ནས།
༣༠ ཤ་ཨུལ་གྱི་ཁྲོ་བ་ཡོ་ན་ཐན་གྱི་ཐོག་ཏུ་ཤིན་ཏུ་ཆེ་བར་འགྱུར་ནས། ཁོས་དེ་ལ། ཀྱེ་ཁྱོད་གོ་ལོག་ངོ་ལོག་གི་བུད་མེད་ཀྱི་བུ། ཁྱོད་ཀྱི་ངོ་ཚ་དང་། ཁྱོད་ཀྱི་མ་གཅེར་བུ་མའི་ངོ་ཚ་ནས། ཁྱོད་ཀྱིས་ཨི་ཤཱ་ཡི་བུ་དེ་ནི་འདམས་པ་ཡིན་པར་ངས་མི་ཤེས་སམ། ༣༡ ཨི་ཤཱ་ཡི་བུ་དེ་ནི་ས་གཞི་རུ་གསོན་རིང་བར་དུ། ཁྱོད་དང་ཁྱོད་ཀྱི་རྒྱལ་ཁམས་ནི་བརྟན་པོར་ལུས་པར་མི་འགྱུར་རོ། དེའི་ཕྱིར་བང་ཆེན་ཐོང་དང་། ཁོ་ངའི་མདུན་དུ་ཁྲིད་ཤོག ཁོ་ནི་ཅི་ནས་ཀྱང་འཆི་བར་འགྱུར་རོ། ༣༢ ཞེས་པའི་ལན་དུ་ཡོ་ན་ཐན་གྱིས་ཉིད་ཀྱི་ཕ་ཤ་ཨུལ་ལ། ཁོ་ཅིའི་ཕྱིར་གསོད་པར་བྱ། ཁོས་ཅི་བྱས། ཤེས་ཞུས་པས།
༣༣ ཤ་ཨུལ་གྱིས་ཁོ་གསོད་པར་ཁོའི་ཕྱོགས་སུ་མདུང་འཕངས་སོ། དེ་རུ་ཡོ་ན་ཐན་གྱིས། རང་གི་ཕས་དཱ་བིད་གསོད་པར་ངེས་པར་བརྟགས་པས། ༣༤ ཡོ་ན་ཐན་ཤིན་ཏུ་ཁྲོས་ཤིང་། གསོལ་ལྕོག་ནས་ལངས་ཏེ། ཟླ་བའི་ཚེས་གཉིས་པར་ཟས་གང་ཡང་མ་བཟས་སོ། ཕས་དཱ་བིད་ལ་སྐུར་པ་བཏབ་པའི་ཕྱིར་ཡོ་ན་ཐན་ཁོང་འཁྲུགས་སོ། ༣༥ ཡང་སྔ་དྲོར་ཡོ་ན་ཐན་དང་། དེ་དང་མཉམ་དུ་གཞོན་ནུ་ཞིག་ལངས་ནས། དཱ་བིད་དང་ཆད་བྱས་པའི་དུས་སུ་ཐང་དུ་སོང་སྟེ། ༣༦ གཞོན་ནུ་དེ་ལ། ད་སོང་དང་། ངས་གཏོང་བའི་མདའ་རྣམས་ཚོལ་ཞིག་ཅེས་བཀའ་གནང་བས། གཞོན་ནུ་བརྒྱུགས་པ་ལས། ཡོ་ན་ཐན་གྱིས་མདའ་ཞིག་ཁོ་ནས་ཐལ་ཏེ་བཏང་ངོ་། ༣༧ གཞོན་ནུ་དེ་ནི་ཡོ་ན་ཐན་གྱིས་བཏང་བའི་མདའ་ཡི་གནས་སུ་བསླེབ་པའི་ཚེ་ན། ཡོ་ན་ཐན་གྱིས་གཞོན་ནུའི་རྒྱབ་ནས། མདའ་ནི་ཁྱོད་ནས་ཕར་ཐལ་ཏེ་མི་འདུག་གམ་ཞེས་བོས་སོ། ༣༨ དེ་ནས་ཕྱིར་ཡང་ཡོ་ན་ཐན་གྱིས་གཞོན་ནུའི་རྒྱབ་རྒྱབ་ནས། མྱུར་དུ་རྒྱུག་སྟེ། ལངས་ནས་མ་སྡོད། ཅེས་བོས་པས། ཡོ་ན་ཐན་གྱི་གཞོན་ནུ་དེས་མདའ་ཐམས་ཅད་བསྡུས་ནས། རང་གི་དཔོན་པོའི་དྲུང་དུ་འོངས་སོ། ༣༩ གཞོན་ནུ་དེས་ནི་དོན་ཅི་ཡིན་གང་ཡང་མ་བརྟགས་ཀྱང་། ཡོ་ན་ཐན་དང་དཱ་བིད་འབའ་ཞིག་གིས་ཤེས་སོ། ༤༠ ཡང་ཡོ་ན་ཐན་གྱིས་རང་གི་ལག་ཆ་གཞོན་ནུ་ལ་བཏང་སྟེ། ད་སོང་ལ། གྲོང་ཁྱེར་དུ་ཁྱེར་ཞིག་ཅེས་བསྒོའོ། ༤༡ གཞོན་ནུ་དེ་སོང་བ་དང་། དཱ་བིད་ནི་ལྷོ་ཕྱོགས་ཀྱི་གནས་དེ་ནས་ཐོན་ནས། ལུས་ས་ལ་བརྡབ་སྟེ། ལན་གསུམ་ཕྱག་ཕུལ་ཏོ། དེ་ནས་གཅིག་དང་གཅིག་འོ་བཏང་སྟེ། མཉམ་དུ་ངུས་པ་དང་། དཱ་བིད་ནི་ཐེབ་ལྷག་པར་ངུས་སོ། ༤༢ དེ་རུ་ཡོ་ན་ཐན་གྱིས་དཱ་བིད་ལ། ང་གཉིས་ཡ་ཧོ་ཝཱའི་མཚན་བརྗོད་ཅིང་མནའ་བསྐྱལ་ཏེ། ང་དང་ཁྱོད་གཉིས་དང་། ངའི་ཕྲུ་གུ་དང་། ཁྱོད་ཀྱི་ཕྲུ་གུ་གཉིས་ཀྱི་བར་དུ་ཡ་ཧོ་ཝཱ་དུས་རྒྱུན་དུ་བཞུགས་ཤིག ད་ཁྱོད་བདེ་བར་སོང་ཞིག་ཅེས་སྨྲས་ནས། ཁོ་ལངས་ཏེ་སོང་བ་དང་། ཡོ་ན་ཐན་གྲོང་ཁྱེར་དུ་ཕྱིན་ཏོ༎