༡༩
དེ་རུ་ཤ་ཨུལ་གྱིས་ཉིད་ཀྱི་སྲས་ཡོ་ན་ཐན་དང་གཡོག་པོ་ཐམས་ཅད་ལ་དཱ་བིད་གསོད་ཅིག་སྨྲས་སོ།  ཡང་ཤ་ཨུལ་གྱི་སྲས་ཡོ་ན་ཐན་་དཱ་བིད་ལ་ཤིན་ཏུ་དགའ་བས། ཡོ་ན་ཐན་གྱིས་དཱ་བིད་ལ་བཤད་ཅིང་སྨྲས་པ། ངའི་ཕ་ཤ་ཨུལ་གྱིས་ཁྱོད་གསོད་དུ་བལྟ་བས། སང་སྔ་དྲོ་ཁྱོད་ཀྱིས་བྱ་ར་བྱེད་ཅིང་། ཕག་གི་གནས་ཤིག་ཏུ་སྡོད་ཡིབ་པར་བྱོས་དང་།  ང་ནི་ཕྱི་རོལ་ཏུ་འགྲོ་ནས། ཁྱོད་སྡོད་སའི་ཐད་དུ་རང་གི་ཕ་ཡི་གཞོགས་སུ་འདུག་སྟེ། ཕ་དང་མཉམ་དུ་ཁྱོད་ཀྱི་དོན་དུ་གཏམ་བྱེད་པར་བྱ། དེར་ཅི་མཐོང་བ་དེ་ནི་ངས་ཁྱོད་ལ་འཆད་པར་བྱའོ།  དེ་ནས་ཡོ་ན་ཐན་གྱིས་རང་གི་ཕ་ཤ་ཨུལ་གྱི་དྲུང་དུ་དཱ་བིད་ཀྱི་དོན་དུ་གཏམ་བཟང་སྨྲས་ཤིང་དེ་ལ། རྒྱལ་པོས་རང་ཉིད་ཀྱི་བྲན་པོ་དཱ་བིད་ཀྱི་ཐོག་ཏུ་ཉེས་སྡིག་མ་མཛོད་ཅིག ཁོས་ཁྱེད་ཀྱི་ཐོག་ཏུ་ཉེས་སྡིག་གང་ཡང་མ་བྱས་ཀྱི། ཁོའི་བྱ་བ་ཐམས་ཅད་ཁྱེད་ཀྱི་དྲུང་དུ་བཟང་པོ་ཡོད་པ་ཡིན།  ཁོས་རང་གི་སྲོག་རང་གི་ལག་ཏུ་བཞག་ཅིང་། ཕེ་ལེ་ཤེད་པ་བསད་པས། ཡ་ཧོ་ཝཱས་ཨིས་ར་ཨེལ་ཐམས་ཅད་ཀྱི་དོན་དུ་སྐྱབས་ཆེན་པོ་ཞིག་མཛད་དོ། ཁྱེད་ཀྱིས་དེ་ལ་གཟིགས་ཏེ་དགའ་བར་གྱུར་ཏོ། སྐྱོན་མེད་པའི་ཁྲག་ལ་ཉེས་སྡིག་བྱེད་ཅིང་། དཱ་བིད་དོན་མེད་ལ་ཅིའི་ཕྱིར་གསོད་པར་བྱ་ཞེས་ཞུས་པས།  ཤ་ཨུལ་གྱིས་ཡོ་ན་ཐན་གྱི་གཏམ་དེ་ལ་ཉན་ནས། ཡ་ཧོ་ཝཱའི་གསོན་པ་ཉིད་ཀྱི་མནའ་བོར་ཏེ། ཁོ་ནི་གསོད་པར་མི་བྱ་ཞེས་སྨྲས་སོ།  ཡོ་ན་ཐན་གྱིས་དཱ་བིད་ལ་བོས་ནས། གཏམ་དེ་ཐམས་ཅད་ཁོ་ལ་བཤད་དོ། དེ་ནས་ཡོ་ན་ཐན་གྱིས་དཱ་བིད་་ཤ་ཨུལ་གྱི་དྲུང་དུ་ཁྲིད་ནས། ཁོ་སྔོན་མ་ལྟར་དེའི་དྲུང་དུ་གནས་སོ༎
 ད་དུང་ཡང་དམག་ཅིག་བྱུང་བས། དཱ་བིད་སོང་སྟེ་ཕེ་ལེ་ཤེད་པ་རྣམས་ལ་འཐབ་འཛིང་བྱེད་ཅིང་། གསོད་གཅོད་དྲག་པོས་བཏུལ་ནས། དེ་དག་ཁོའི་དྲུང་ནས་བྲོས་སོ།  ཡང་ཤ་ཨུལ་གྱིས་རང་གི་མདུང་ལག་ཏུ་ཁུར་ཞིང་། རང་གི་མཁར་གྱི་ནང་ན་བསྡད་དེ། དཱ་བིད་རང་གི་ལག་པས་སྒྲ་སྙན་སྐྲོག་པའི་ཚེ་ན། ཡ་ཧོ་ཝཱས་མངགས་པའི་འདྲེ་ངན་པ་དེ་ཤ་ཨུལ་གྱི་སྟེང་དུ་བབ་པས། ༡༠ ཤ་ཨུལ་གྱིས་དཱ་བིད་ནི་མདུང་དང་མཉམ་དུ་རྩིག་པ་རུ་སྦྱོར་བའི་ཕྱིར་གླགས་བཙལ་ཀྱང་། དཱ་བིད་་ཤ་ཨུལ་གྱི་དྲུང་ནས་བྱོལ་བ་དང་། མདུང་རྩིག་པ་ལ་ཟུགས་སོ། ཡང་དཱ་བིད་བྲོས་ཏེ། མཚན་དེ་ལ་ཚེ་ཐར་རོ༎
༡༡ དེ་ནས་ཤ་ཨུལ་གྱིས་དཱ་བིད་ཁང་པ་རུ་སྲུང་བ་དང་། སང་སྔ་དྲོ་ཁོ་གསོད་པའི་ཕྱིར་བང་ཆེན་བཏང་བས། དཱ་བིད་ཀྱི་ཆུང་མ་མི་ཁལ་གྱིས་ཁོ་ལ། མཚན་མོ་འདི་ལ་ཁྱོད་ཀྱིས་རང་གི་སྲོག་སྐྱོབ་མི་བྱེད་ན། སང་ཉིན་གསོད་པར་འགྱུར་ཞེས་སྨྲས་པ་དང་། ༡༢ མི་ཁལ་གྱིས་དཱ་བིད་དཀར་ཁུང་ནས་ཕབ་སྟེ། ཁོ་བྲོས་ཤིང་སོང་བས་ཚེ་ཐར་རོ། ༡༣ མི་ཁལ་གྱིས་སྐུ་འདྲ་དེ་བླངས་ནས། མལ་སའི་ནང་དུ་བཞག་པ་དང་། རལ་གྱི་ཆ་ལི་ཞིག་དེའི་མགོའི་ཁར་བཞག་ནས། གཟན་གོས་ཀྱིས་བཀབ་བོ། ༡༤ དེ་ནས་ཤ་ཨུལ་གྱིས་བང་ཆེན་རྣམས་དཱ་བིད་འཛིན་པར་བཏང་བས། བུ་མོས། ཁོ་ནའོ་ཞེས་སྨྲས་ནས། ༡༥ ཤ་ཨུལ་གྱིས་ཕྱིར་ཡང་དཱ་བིད་ལ་ལྟ་བར་བང་ཆེན་བཏང་ནས། ངས་དེ་ནི་གསོད་པའི་ཕྱིར་ཁོ་མལ་ས་དང་སྦྲག་སྟེ་ངའི་མདུན་དུ་ཁྱེར་ཤོག་ཅིག་སྨྲས་སོ། ༡༦ དེ་ནས་བང་ཆེན་ནང་དུ་བསླེབ་སྟེ། དེར་མལ་སའི་ནང་སྐུ་འདྲ་དེ་དང་། མགོའི་མལ་དུ་རལ་གྱི་ཆ་ལི་ཞིག་ཡོད་པ་ཡིན། ༡༧ དེ་རུ་ཤ་ཨུལ་གྱིས་མི་ཁལ་ལ། ངའི་དགྲ་བོ་དེ་ཐར་བའི་ཕྱིར་ཁྱོད་ཀྱིས་ཁོ་ལམ་བཅུག་སྟེ། ཅིའི་ཕྱིར་ང་ལ་སླུ་ཁྲིད་བྱས་པ་ཡིན་སྨྲས་པས། མི་ཁལ་གྱིས། དེས་ང་ལ། ང་འགྲོ་ཆུག ངས་ཁྱོད་ཅི་ལ་གསོད་དུ་འཇུག་ཟེར་ཏོ་ཞེས་ཞུས་སོ༎
༡༨ ཡང་དཱ་བིད་བྲོས་ཏེ་ཚེ་ཐར་ནས། རཱ་མཱ་རུ་ཤ་མུ་ཨེལ་གྱི་དྲུང་དུ་བསླེབ་སྟེ། ཤ་ཨུལ་གྱིས་ཁོ་ལ་ཅི་བྱས་པ་ཐམས་ཅད་བསྙད་དོ། དེ་ནས་ཁོ་དང་ཤ་མུ་ཨེལ་གཉིས་ཀ་སོང་སྟེ། ནཱ་ཡོད་དུ་གནས་སོ། ༡༩ དེར་ཤ་ཨུལ་ལ། ཀྱེ་ཧོ། དཱ་བིད་་རཱ་མཱའི་ནཱ་ཡོད་དུ་འདུག་ཅེས་པའི་ལོན་བཤད་པས། ༢༠ ཤ་ཨུལ་གྱིས་དཱ་བིད་འཛིན་པའི་ཕྱིར་བང་ཆེན་བཏང་ངོ་། མི་དེ་རྣམས་ཀྱིས། ལུང་སྟོན་པའི་ཚོགས་ཀྱིས་ལུང་བསྟན་པ་དང་། དེ་དག་གི་ཁྲོད་དུ་ཤ་མུ་ཨེལ་དེ་དག་གི་འགོ་བྱེད་ཅིང་འགྲེང་ཡོད་པ་མཐོང་བའི་ཚེ། ཤ་ཨུལ་གྱི་བང་ཆེན་རྣམས་ལ་དཀོན་མཆོག་གི་ཐུགས་ཉིད་བབ་པ་དང་ལུང་བསྟན་ཏོ། ༢༡ བྱུང་ཚུལ་དེ་ནི་ཤ་ཨུལ་ལ་བཤད་པས། དེས་བང་ཆེན་གཞན་བདག་བཏང་ནས། དེ་དག་གིས་ཀྱང་ལུང་བསྟན་ཏོ། ལན་གསུམ་པ་རུ་ཤ་ཨུལ་གྱིས་བང་ཆེན་བཏང་བ་དང་། དེ་དག་གིས་ཀྱང་ལུང་བསྟན་ཏོ། ༢༢ དེ་ནས་ཤ་ཨུལ་རང་ཉིད་ཀྱང་རཱ་མཱ་རུ་སོང་སྟེ། སེ་ཀུ་རུ་ཡོད་པའི་ཆུ་དོང་ཆེན་པོའི་རྩར་བསླེབས་ནས། ཤ་མུ་ཨེལ་དང་དཱ་བིད་གཉིས་གང་དུ་འདུག་ཅེས་འདྲིས་པས། མི་ཞིག་གིས། གཟིགས་ཤིག དེ་གཉིས་རཱ་མཱའི་ནཱ་ཡོད་དུ་འདུག་ཅེས་ཞུས་སོ། ༢༣ དེ་ནས་ཁོ་རཱ་མཱའི་ནཱ་ཡོད་དེ་རུ་སོང་བ་དང་། དཀོན་མཆོག་གི་ཐུགས་ཉིད་ཁོ་ལ་བབ་ནས། རཱ་མཱ་ཡི་ནཱ་ཡོད་དུ་སླེབ་པའི་བར་དུ་ལུང་བསྟན་ཏེ་སོང་བ་དང་། ༢༤ དེ་རུ་གོས་ཕུད་ནས། ཤ་མུ་ཨེལ་གྱི་དྲུང་དུ་ལུང་བསྟན་ཏེ། ཉིན་མཚན་མེད་པར་གཅེར་བུར་ཉལ་ཏོ། དེའི་ཕྱིར་མི་ཐམས་ཅད་ཀྱིས། ཤ་ཨུལ་ཡང་ལུང་སྟོན་པའི་ཁྲོད་དུ་འདུག་གམ་ཞེས་སྨྲས་སོ༎