༡༨
དེ་ནས་འདི་ལྟར་བྱུང་། དཱ་བིད་ཀྱིས་ཤ་ཨུལ་དང་གཏམ་བྱེད་ཚར་ནས། ཡོ་ན་ཐན་གྱི་སེམས་ནི་དཱ་བིད་ཀྱི་སེམས་དང་གཅིག་ཏུ་འགྱུར་བས། ཡོ་ན་ཐན་གྱིས་དེ་ལ་རང་སྲོག་དང་འདྲ་བར་བྱམས་པ་བྱས་སོ། ༢ ཉིན་དེ་ལ་ཤ་ཨུལ་གྱིས་དཱ་བིད་བཟུང་སྟེ། སླར་དེའི་ཕ་ཡི་ཁང་པར་ཕྱིར་ལོག་པར་མ་གནང་ངོ་། ༣ ཡོ་ན་ཐན་གྱིས་དཱ་བིད་ལ་ཉིད་ཀྱི་སེམས་དང་འདྲ་བར་བྱམས་པ་བྱས་པས། ཁོ་དང་མཉམ་དུ་ཁ་ཆད་བྱས་ཤིང་། ༤ ཡོ་ན་ཐན་གྱིས་ཉིད་ཀྱི་གོས་དང་། གོ་ཁྲབ་དང་། རལ་གྲི་དང་། གཞུ་དང་སྐ་རགས་དེ་ཐམས་ཅད་ཕུད་དེ། དཱ་བིད་ལ་བཏང་ངོ་། ༥ ཤ་ཨུལ་གྱིས་དཱ་བིད་གང་དུ་བཏངས་ཀྱང་། དེར་འགྲོ་ཞིང་བྱ་བ་ཐམས་ཅད་མཁས་པར་བྱེད་ཀྱིན་སོང་ངོ་། དེ་ནས་ཤ་ཨུལ་གྱིས་དེ་ནི་དམག་དཔུང་གི་དཔོན་པོར་བཞག་ནས། མི་བརྒྱུད་ཐམས་ཅད་དང་ཤ་ཨུལ་གྱི་གཡོག་པོ་རྣམས་དེའི་ཕྱིར་ཤིན་ཏུ་དགའ་བར་གྱུར་ཏོ༎༦ དཱ་བིད་ཀྱིས་ཕེ་ལེ་ཤེད་པ་བསད་ནས། དེ་དག་དང་བཅས་ཕྱིར་ལོག་པའི་ཚེ་ན། ཨིས་ར་ཨེལ་གྱི་གྲོང་ཁྱེར་ཐམས་ཅད་ཀྱི་ནང་ནས་རྒྱལ་པོ་ཤ་ཨུལ་ལ་བསུ་བའི་ཕྱིར་བུད་མེད་རྣམས་གླུ་ལེན་གྱིན་གར་རྩེད་ཅིང་། རྔ་དང་སིལ་སྙན་འཁུར་ཞིང་འོངས་ཏེ། ༧ བུད་མེད་རྣམས་གར་རྩེད་ཅིང་གཅིག་གིས་གཅིག་ལ་གླུ་ལེན་ཞིང་། ཤ་ཨུལ་གྱིས་མི་སྟོང་ཕྲག་རྣམས་བསད། དཱ་བིད་ཀྱིས་མི་ཁྲི་ཚོ་རྣམས་བསད་དོ། ཞེས་སྨྲས་སོ། ༨ དེར་ཤ་ཨུལ་ཤིན་ཏུ་ཁྲོས་ཤིང་། གླུ་དེ་ལ་མ་དགའོ། དེ་དག་གིས་དཱ་བིད་ལ་ཁྲི་ཚོ་བཏངས་ཀྱང་། ང་ལ་སྟོང་ཕྲག་ཅིག་འབའ་ཞིག་བཏང་ངོ་། དེ་བས་ལྷག་པ་ཞིག་ཅི་ལུས། རྒྱལ་སྲིད་འབའ་ཞིག་ལུས་ཤེས་སྨྲས་ཏེ། ༩ ཉིན་དེ་ནས་ཕྱིན་དུ་ཤ་ཨུལ་གྱིས་དཱ་བིད་ལ་ཕྲག་དོག་བསྐྱེད་དོ༎
༡༠ སང་ཞོག་འདི་ལྟར་བྱུང་། དཀོན་མཆོག་གིས་མངགས་པའི་འདྲེ་ངན་པ་དེ་ཤ་ཨུལ་གྱི་སྟེང་དུ་བབས་པས། ཁོ་ཁང་པའི་ནང་ན་འབམས་སོ། དེའི་ཕྱིར་དཱ་བིད་ཀྱིས་ཉིན་རེའི་ཁྲིམས་བཞིན་དུ་སྒྲ་སྙན་བསྐྲོགས་སོ། ཤ་ཨུལ་གྱི་ལག་ཏུ་མདུང་ཡོད་པས། ༡༡ མདུང་དེ་བརྒྱབ་ཅིང་ཤ་ཨུལ་གྱིས། ངས་དཱ་བིད་རྩིག་པར་སྦྱར་བར་བྱ་སྨྲས་ཏེ། དཱ་བིད་ཀྱིས་རང་གི་ལུས་བསྒྱུར་ནས། ཁོའི་དྲུང་ནས་ཚར་གཉིས་སྣུར་སོང་བ་ཡིན། ༡༢ ཡ་ཧོ་ཝཱ་ནི་དཱ་བིད་དང་འགྲོགས་ཀྱིས། ཤ་ཨུལ་དང་བྲལ་བ་ཡིན་པས། ཤ་ཨུལ་ཁོ་ལ་འཇིགས་ཏེ། ༡༣ ཤ་ཨུལ་གྱིས་ཁོ་ནི་རང་གི་དྲུང་ནས་བཏང་སྟེ། སྟོང་དཔོན་ཞིག་ཏུ་བྱས་སོ། དེར་དཱ་བིད་མི་ཚོགས་ཀྱི་མདུན་དུ་ཕར་ཚུར་འགྲུལ་བར་བྱས་ཤིང་། ༡༤ ལམ་ཐམས་ཅད་དུ་མཁས་པར་བྱས་ཏེ། ཡ་ཧོ་ཝཱ་ཁོ་དང་འགྲོགས་སོ། ༡༥ ཤ་ཨུལ་གྱི་ཁོའི་སྤྱོད་ཚུལ་ཤིན་ཏུ་མཁས་པར་མཐོང་སྟེ། ཁོ་ལ་འཇིགས་སོ། ༡༦ དཱ་བིད་་ཨིས་ར་ཨེལ་དང་ཡ་ཧུ་དཱ་ཐམས་ཅད་ཀྱི་མདུན་དུ་འགྲོ་འོང་བྱས་པས། དེ་དག་གིས་ཁོ་གཅེས་པར་བཟུང་ངོ་༎
༡༧ དེར་ཤ་ཨུལ་གྱིས་དཱ་བིད་ལ། ལྟོས། ངས་ནི་རང་གི་བུ་མོ་ཆེ་བ་མེ་རཱབ་བྱ་བ་དེ་ནི་ཁྱོད་ཀྱི་ཆུང་མར་གཏོང་བར་བྱ། ཁྱོད་ནི་ང་རང་གི་ཕྱིར་དུ་དཔའ་རྩལ་ཅན་ཡིན་ཏེ། ཡ་ཧོ་ཝཱའི་དོན་དུ་དམག་རྒྱོབ་ཅིག ཅེས་སྨྲས་ཀྱང་། ཤ་ཨུལ་གྱིས། ང་རང་གི་ལག་པ་ཁོ་ལ་མ་ཕོག་པར། ཕེ་ལེ་ཤེད་པའི་ལག་པ་ཁོ་ལ་འཕོག་པར་གྱུར་ཅིག་ཅེས་སྨྲས་སོ། ༡༨ ཡང་དཱ་བིད་ཀྱིས་ཤ་ཨུལ་ལ། བདག་ནི་རྒྱལ་པོའི་མག་པར་འགྱུར་བ་ལ། བདག་ནི་སུ་ཡིན། ཡང་བདག་གི་གཉེན་དང་བདག་གི་ཕ་མེས་པོའི་བརྒྱུད་འཛིན་ནི་ཨིས་ར་ཨེལ་གྱི་ཁྲོད་དུ་ཅི་ཞིག་ཡིན་ཞེས་ཞུས་སོ། ༡༩ དེ་ནས་ཤ་ཨུལ་གྱི་སྲས་མོ་མེ་རཱབ་་དཱ་བིད་ལ་ཆུང་མར་གཏོང་བའི་དུས་རན་པའི་ཚེ་ན། སྲས་མོ་དེ་ནི་མེ་ཧོ་ལད་པ་ཨད་རི་ཨེལ་བྱ་བ་དེ་ལ་ཆུང་མར་བཏང་ངོ་༎
༢༠ ཡང་ཤ་ཨུལ་གྱི་སྲས་མོ་མི་ཁལ་་དཱ་བིད་ལ་ཆགས་སོ། ཞེས་པའི་ལོན་ཤ་ཨུལ་ལ་བསྙད་པས། ཁོ་དགའ་སྟེ། ༢༡ བུ་མོ་དེ་ཁོའི་ཕྱིར་རྙི་ལྟ་བུ་འགྱུར་ཡོང་བསམ་ནས། ཕེ་ལེ་ཤེད་པའི་ལག་པ་ཁོ་འཕོག་ཕྱིར་བུ་མོ་དེ་ཁོ་ལ་གཏོང་བར་བྱ། ཞེས་སྨྲ་ཞིང་ཤ་ཨུལ་གྱིས་དཱ་བིད་ལ། དེ་རིང་ཁྱོད་ལན་གཉིས་པ་རུ་ངའི་མག་པར་འགྱུར་བར་འགྱུར་ཞེས་སྨྲས་ནས། ༢༢ ཤ་ཨུལ་གྱིས་ཉིད་ཀྱི་གཡོག་པོ་རྣམས་ལ་བཀའ་གནང་ཞིང་སྨྲས་པ། ཁྱོད་ཅག་གིས་ཕག་ཏུ་དཱ་བིད་དང་གཏམ་བྱེད་ཅིང་དེ་ལ། ལྟོས། རྒྱལ་པོ་ཁྱོད་ལ་དགའ་སྟེ། ཁོང་གི་གཡོག་པོ་ཐམས་ཅད་ཀྱང་ཁྱོད་ལ་ཆགས་པས། ད་ལྟ་རྒྱལ་པོའི་མག་པར་གྱུར་ཞིག་ཅེས་ཟེར་བར་རུང་། ༢༣ དེ་ལྟར་ཤ་ཨུལ་གྱི་གཡོག་པོ་རྣམས་ཀྱིས་དཱ་བིད་ཀྱི་རྣ་བར་གཏམ་དེ་རྣམས་བསྙད་པས། དཱ་བིད་ཀྱིས། ཁྱོད་ཅག་གི་མིག་ཏུ་རྒྱལ་པོའི་མག་པར་འགྱུར་བ་དེ་ནི་སླ་བ་ཡིན་པར་མཐོང་ངམ། ང་ནི་དབུལ་ཕོངས་དང་སྙན་གྲགས་མེད་པ་ཞིག་ཡིན་ཟེར་ནས། ༢༤ གཡོག་པོ་རྣམས་ཀྱིས་ཤ་ཨུལ་ལ་དཱ་བིད་ཀྱིས་སྨྲས་པ་ལྟར་བཤད་དོ། ༢༥ དེ་རུ་ཤ་ཨུལ་གྱིས། ཁྱོད་ཅག་གིས་དཱ་བིད་ལ་འདི་ལྟར། རྒྱལ་པོ་ཟོང་ལ་མི་དགའ་སྟེ། རྒྱལ་པོའི་དགྲ་བོ་རྣམས་ལ་ལན་འདེབས་པའི་ཕྱིར། ཕེ་ལེ་ཤེད་པའི་མདུན་ལྤགས་བརྒྱ་ལ་དགའ་ཟེར་ཞིག་ཅེས་སྨྲས་པ་དང་། ཤ་ཨུལ་གྱིས། དཱ་བིད་་ཕེ་ལེ་ཤེད་པའི་ལག་པས་འཆི་བར་འགྱུར་བསམས་སོ། ༢༦ གཏམ་དེ་ནི་གཡོག་པོ་རྣམས་ཀྱིས་དཱ་བིད་ལ་ལབ་པས། དཱ་བིད་ནི་རྒྱལ་པོའི་མག་པར་འགྱུར་བ་ལ་ཤིན་ཏུ་དགའ་བར་གྱུར་ནས། ད་དུང་ཞག་མ་ཚང་བར་ཡོད་པ་ཡིན། ༢༧ དཱ་བིད་ཁོ་རང་དང་དེའི་མི་རྣམས་ལངས་ཏེ་སོང་བ་དང་། ཕེ་ལེ་ཤེད་པ་མི་ཉིས་བརྒྱ་བསད་དེ། དེ་དག་གི་མདུན་ལྤགས་བཅད་དེ་ཁུར་བ་དང་། དེ་དག་གི་གྲངས་ཚང་སྟེ། དཱ་བིད་ནི་རྒྱལ་པོའི་མག་པར་འགྱུར་བའི་ཕྱིར་དེ་རྣམས་རྒྱལ་པོ་ལ་ཕུལ་ཏོ། དེར་ཤ་ཨུལ་གྱིས་ཁོ་ལ་རང་གི་སྲས་མོ་མི་ཁལ་བག་མར་བཏང་ངོ་། ༢༨ ཡང་ཤ་ཨུལ་གྱིས། ཡ་ཧོ་ཝཱ་ནི་དཱ་བིད་དང་འགྲོགས་ཡོད་པ་དང་། རང་གི་སྲས་མོ་མི་ཁལ་ཡང་དཱ་བིད་ལ་ཆགས་པར་མཐོང་ནས་ཤེས་པས། ༢༩ ཤ་ཨུལ་ནི་ལྷག་པར་དཱ་བིད་ལ་འཇིགས་ཏེ། ཤ་ཨུལ་གྱིས་རྟག་ཏུ་དཱ་བིད་ལ་དགྲ་བྱས་སོ༎
༣༠ དེ་ནས་ཕེ་ལེ་ཤེད་པའི་རྗེ་བོ་རྣམས་ཐོན་ཏོ། དེ་དག་ནམ་འོང་ཡང་། ཤ་ཨུལ་གྱི་གཡོག་པོ་ཐམས་ཅད་པས་དཱ་བིད་ཀྱིས་ལྷག་པར་མཁས་པར་སྤྱད་པས། ཁོའི་མིང་སྙན་གྲགས་ཅད་དུ་གྱུར་ཏོ༎