༡༧
དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་ཡ་ཧུ་དཱ་ལ་གཏོགས་པའི་སོ་ཀོ་རུ་དམག་རྒྱབ་པའི་ཕྱིར་དམག་ཚོགས་ཐམས་ཅད་འཛོམ་དུ་བཅུག་ནས། སོ་ཀོ་དང་ཨེ་ཕེས་དམ་མིམ་གྱི་ཨ་ཟེ་ཀཱ་གཉིས་ཀྱི་བར་ལ་དམག་སྒར་བརྒྱབ་བོ། ༢ ཤ་ཨུལ་དང་ཨིས་ར་ཨེལ་པ་རྣམས་ཀྱང་འཛོམ་ནས། ཨེ་ལཱ་ཡི་ལུང་པ་ཞིག་ན་དམག་སྒར་བརྒྱབ་སྟེ། ཕེ་ལེ་ཤེད་པ་རྣམས་ལ་དམག་རྒྱབ་ཏུ་བཤམས་སོ། ༣ ཡང་རིའི་ཕྱོགས་གཅིག་ལ་ཕེ་ལེ་ཤེད་པ་དང་། རི་གཞན་དེའི་ཕྱོགས་ལ་ཨིས་ར་ཨེལ་པ་བསྡད་དེ། དེ་གཉིས་ཀྱི་བར་ལ་ལུང་པ་ཞིག་ཡོད་པ་ཡིན། ༤ དེ་ནས་ཕེ་ལེ་ཤེད་པའི་དམག་སྒར་ནས་གད་པ་གོལ་ཡད་ཞེས་བྱ་བའི་གྱད་པ་ཞིག་ཐོན་ཏེ། མི་དེའི་གཟུགས་ཚད་ཁྲུ་དྲུག་དང་མཐོ་གཅིག་ཡོད་པ་དང་། ༥ མི་དེའི་མགོ་ལ་ར་གན་གྱི་རྨོག་དང་། གོས་སུ་ཁྲབ་གོན་ཏེ། ཁྲབ་དེའི་ལྕིད་ཤེ་ཀེལ་སྟོང་ལྔ་ཙམ་ཡོད་པ་དང་། ༦ ཁོའི་རྐང་པ་ལ་ར་གན་གྱི་པུས་ཤུབས་དང་། དཔུང་པ་གཉིས་ཀྱི་བར་ལ་ར་གན་གྱི་མེ་ལོང་ཡོད་པ་ཡིན། ༧ ཡང་དེའི་མདུང་གི་ཡུ་བ་ནི་ཀ་བ་ལྟ་བུ་དང་། མདུང་ལྕེའི་ལྕིད་ལྕགས་ཤེ་ཀེལ་དྲུག་བརྒྱ་ཡིན་ཏེ། མི་དེའི་མདུན་དུ་ཕུབ་འཁུར་མཁན་ཞིག་ཕྱིན་ཏོ། ༨ དེ་ནས་མི་དེ་ལངས་ཏེ། ཨིས་ར་ཨེལ་གྱི་དམག་ཚོགས་ལ་འབོད་ཅིང་། ཁྱོད་ཅག་དམག་ཤོམ་བྱེད་པར་ཅིའི་ཕྱིར་འོངས། ང་ནི་ཕེ་ལེ་ཤེད་པ་དང་། ཁྱོད་ཅག་ནི་ཤ་ཨུལ་གྱི་བྲན་མ་ཡིན་ནམ། ཁྱོད་ཅག་གི་ནང་ནས་མི་ཞིག་བསལ་ཏེ། ངའི་མདུན་དུ་འོང་དུ་ཆུག་ཅིག ༩ གལ་ཏེ་ཁོས་ང་དང་འཐབ་ཅིང་ང་གསད་ན། ང་ཚོས་ཁྱོད་རྣམས་ཀྱི་གཡོག་བྱེད་པར་བྱ། གལ་ཏེ་ང་ཁོ་ལས་རྒྱལ་ཏེ་གསད་ན། ཁྱོད་རྣམས་ང་ཚོའི་གཡོག་ཏུ་འགྱུར་ཏེ། ང་ཚོས་གཡོག་བྱེད་པར་འགྱུར་ཞེས་སྨྲས་སོ། ༡༠ ཡང་ཕེ་ལེ་ཤེད་པས། དེ་རིང་ངས་ཨིས་ར་ཨེལ་གྱི་དམག་དཔུང་ལ་སྨད་དོ། མི་ཞིག་ཐོང་དང་། ང་གཉིས་ཀྱིས་འཐབ་པར་བྱ་ཞེས་སྨྲས་པས། ༡༡ ཤ་ཨུལ་དང་ཨིས་ར་ཨེལ་ཐམས་ཅད་ཀྱིས་གཏམ་དེ་ཐོས་པ་ཙམ་གྱིས། སྙིང་སྟོབས་ཉམས་ཏེ། ཤིན་ཏུ་འཇིགས་སྐྲགས་སོ༎༡༢ དཱ་བིད་ནི་བུ་བརྒྱད་ཡོད་པའི་ཡ་ཧུ་དཱ་ཡི་བེད་ལེ་ཧེམ་པ་ཨི་ཤཱ་བྱ་བ། ཨེབ་རད་པ་དེའི་བུ་ལགས་ཏེ། ཤ་ཨུལ་གྱི་དུས་སུ་མི་དེ་ནི་རྒད་པོའི་ཁྲོད་དུ་བརྩིས་སོ། ༡༣ ཨི་ཤཱ་ཡི་བུ་རྒན་པ་གསུམ་ཤ་ཨུལ་གྱི་རྗེས་སུ་དམག་ཏུ་སོང་ངོ་། འཐབ་ཏུ་སོང་བའི་བུ་གསུམ་གྱི་མིང་ནི། སྔོན་སྐྱེས་ཀྱི་མིང་ཨེ་ལི་ཨབ། གཉིས་པའི་མིང་ཨ་བི་ནཱ་དབ། གསུམ་པའི་མིང་ཤམ་མཱ་ཞེས་ཟེར་རོ། ༡༤ དཱ་བིད་ནི་ཐམས་ཅད་ལས་ཆུང་བའོ། བུ་རྒན་པ་གསུམ་ཤ་ཨུལ་གྱི་རྗེས་སུ་ཕྱིན་པ་དང་། ༡༥ དཱ་བིད་་ཤ་ཨུལ་ལ་མི་འབྲང་བར་ཕར་ཚུར་འགྲོ་ཞིང་། བེད་ལེ་ཧེམ་དུ་རང་གི་ཕ་ཡི་ལུག་ཁྱུ་འཚོ་བར་སོང་ངོ་། ༡༦ ཡང་ཕེ་ལེ་ཤེད་པ་དེ་སྔ་དྲོ་དང་ཕྱི་དྲོར་འོང་སྟེ། ཞག་བཞི་བཅུའི་བར་དུ་རང་གི་ལུས་བསྟན་ཏོ༎
༡༧ དེ་ནས་ཨི་ཤཱས་རང་གི་བུ་དཱ་བིད་ལ། ཁྱོད་སྤུན་ཟླའི་དམག་སྒར་དུ་སོང་དང་། རང་གི་སྤུན་ཟླ་རྣམས་ཀྱི་ཕྱིར་ཡོས་ཨེ་ཕ་གཅིག་དང་། བག་ལེབ་བཅུ་པོ་འདི་ལེན་ནས་ཁྱེར་ཞིག ༡༨ ཡང་དེ་དག་གི་སྟོང་དཔོན་ལ་འོ་ཐུད་བཅུ་པོ་འདི་འཁྱེར་ཏེ། སྤུན་ཟླ་རྣམས་ཀྱི་གནས་ཚུལ་ལ་ལྟ་སྟེ། དེ་དག་གི་ཕྱོགས་ནས་རྟགས་སྣ་ཞིག་འཁྱེར་ཏེ་འོང་། ༡༩ ཞེས་ཟེར་བའི་སྐབས་སུ་ཤ་ཨུལ་དང་། དེ་དག་དང་། ཨིས་ར་ཨེལ་པ་ཐམས་ཅད། ཕེ་ལེ་ཤེད་པ་རྣམས་དང་འཐབ་ཕྱིར། ཨེ་ལཱ་ཞེས་ཟེར་བའི་རོང་ལ་བསྡད་དོ། ༢༠ དཱ་བིད་ནི་ཉི་མ་ཤར་བའི་གོང་དུ་ལངས་ནས། ལུག་རྣམས་སྲུང་མི་ཞིག་ལ་བཏད་དེ། རྒྱགས་འཁུར་ཞིང་། ཨི་ཤཱ་ཡི་བཀའ་སྩལ་བཞིན་དུ་སོང་བ་དང་། ཤིང་རྟའི་གནས་སུ་བསླེབས་པའི་ཚེ། དམག་ཚོགས་ནི་དམག་རྒྱབ་ཏུ་འགྲོ་ཞིང་། དམག་སྐད་བཏོན་ནོ། ༢༡ ཨིས་ར་ཨེལ་དང་ཕེ་ལེ་ཤེད་པ་གཉིས་ཀྱིས་དམག་བཤམས་ནས། དམག་དཔུང་ཕན་ཚུན་དུ་བཞག་གོ། ༢༢ དེ་ནས་དཱ་བིད་ཀྱིས་རང་གི་ཆས་ནི་ཆས་སྲུང་མིའི་ལག་ཏུ་བཞག་ནས། དམག་ཚོགས་ཀྱི་དཀྱིལ་དུ་རྒྱུག་ཅིང་སོང་བ་དང་། སྤུན་ཟླ་རྣམས་ལ་ཕྱག་བཙལ་ནས། ༢༣ དེ་དག་དང་མཉམ་དུ་གཏམ་བྱས་པ་ལ། ཀྱེ་ཧོ། ཕེ་ལེ་ཤེད་པའི་དམག་ཚོགས་ཀྱི་ནང་ནས་གད་ཡུལ་གྱི་ཕེ་ལེ་ཤེད་པ། གྱད་པ། གོལ་ཡད་ཞེས་བྱ་བ་དེ་ནི་ཐོན་ཏེ། སྔོན་ཟེར་བ་ལྟ་བུའི་གཏམ་བྱས་པས། དཱ་བིད་ཀྱིས་ཐོས་སོ༎
༢༤ ཡང་ཨིས་ར་ཨེལ་པ་རྣམས་ཀྱིས་མི་དེ་མཐོང་བའི་ཚེ། ཤིན་ཏུ་འཇིགས་སྐྲགས་ཤིང་། དེའི་མདུན་ནས་བྲོས་སོ། ༢༥ དེ་ནས་ཨིས་ར་ཨེལ་པ་རྣམས་ཀྱིས། མི་དེ་ནི་ཡར་འོང་བར་མཐོང་ངམ། མི་དེ་ནི་ཨིས་ར་ཨེལ་ལ་སྨད་པའི་ཕྱིར་འོང་བར་ངེས་སོ། སུ་ཞིག་གིས་མི་དེ་བསད་ན། དེ་ལ་རྒྱལ་པོས་ནོར་ཆེན་པོ་དང་ཉིད་ཀྱི་སྲས་མོ་གནང་ཞིང་། དེའི་ཕའི་ཁང་པ་ལ་འབབ་ཁྲལ་མི་འཕོག་པར་མཛད་འོང་། ༢༦ ཞེས་པ་ཐོས་པས། དཱ་བིད་ཀྱིས་རང་གི་མདུན་དུ་ཡོད་པའི་མི་ཀུན་ལ། ཕེ་ལེ་ཤེད་པ་འདི་གསོད་ཅིང་ཨིས་ར་ཨེལ་གྱི་རལ་ཁ་སྐྲོད་པའི་མི་དེ་ལ་ཇི་ལྟར་བྱ་འོང་། དཀོན་མཆོག་གསོན་པོའི་དམག་དཔུང་ལ་སྨད་པའི་ཕེ་ལེ་ཤེད་པ་མདུན་ལྤགས་མ་བཅད་པ་འདི་སུ་ཡིན། ༢༧ ཅེས་སྨྲས་པའི་ལན་དུ་མི་རྣམས་ཀྱིས། ཕེ་ལེ་ཤེད་པ་གསོད་པའི་མི་ལ་སྔོན་ཟེར་བ་ལྟར་བྱའོ་སྨྲས་སོ༎
༢༨ དཱ་བིད་ཀྱི་ཕུ་བོ་ཨེ་ལི་ཨབ་ཀྱིས་ཁོ་ནི་མི་རྣམས་དང་གཏམ་བྱེད་པར་ཐོས་པས། ཨེ་ལི་ཡབ་ལ་དཱ་བིད་ཀྱི་ཕྱིར་ཁྲོ་བ་བྱུང་ནས། ཁྱོད་འདིར་ཅིའི་ཕྱིར་འོངས། འབྲོག་སྟོང་དུ་ཡོད་པའི་ལུག་ཕྲན་བུ་དེ་སུའི་རྩར་བཞག ངས་ཁྱོད་ཀྱི་ཁ་ཕོ་དང་བསྟན་བཤིག་དེ་ཤེས་ཏེ། དམག་རྒྱབ་པ་མཐོང་བར་འདོད་པས། ཁྱོད་འདིར་འོང་བ་ཡིན་ཞེས་སྨྲས་སོ། ༢༩ དེའི་ལན་དུ་དཱ་བིད་ཀྱིས། ད་ལྟ་ངས་ཅི་བྱས་པ་ཡིན། གཏམ་ཞིག་མིན་པར་གཞན་ཅིའང་མེད། ༣༠ ཞེས་སྨྲས་ནས། དེའི་ཕྱོགས་ནས་ལོགས་ཏེ། གཞན་ཞིག་ལ་སྔོན་མ་ལྟར་གཏམ་བྱས་པས། མི་རྣམས་ཀྱིས་སྔོན་བཞིན་ལན་བཏབ་བོ༎
༣༡ དཱ་བིད་ཀྱིས་སྨྲས་པའི་གཏམ་ཐོས་ནས། དེ་དག་གིས་ཤ་ཨུལ་གྱི་དྲུང་དུ་ཕྱིར་སྙད་པས། དེས་ཁོ་ལ་འབོད་པར་མི་ཞིག་བཏང་ངོ་། ༣༢ དེར་དཱ་བིད་ཀྱིས་ཤ་ཨུལ་ལ། མི་སུ་ཞིག་གི་སྙིང་མ་ཆུང་ཞིག ཁྱེད་ཀྱི་བྲན་པོ་བདག་དེར་འགྲོ་ནས། ཕེ་ལེ་ཤེད་པ་དེ་དང་འཐབ་པར་བྱའོ། ༣༣ ཞེས་ཞུས་པས། ཤ་ཨུལ་གྱིས་དཱ་བིད་ལ། ཁྱོད་ཕེ་ལེ་ཤེད་པ་དེ་དང་འཐབ་པའི་ཕྱིར་འགྲོ་བར་མི་ནུས། ཁྱོད་ནི་ཁྱེའུ་ཞིག་ཡིན་གྱི། ཁོ་ནི་ཆུང་ངུ་ནས་དམག་རྩལ་ཅན་ཡིན་ནོ། ༣༤ ཞེས་སྨྲས་ནས། དཱ་བིད་ཀྱིས་ཤ་ཨུལ་ལ། ཁྱེད་ཀྱི་བྲན་པོ་བདག་གིས་ཕ་ཡི་ལུག་ཁྱུ་བསྲུངས་པའི་ཚེ། སེང་གེ་དང་དོམ་གཉིས་འོང་སྟེ། ལུག་ཁྱུའི་ནང་ནས་ལུག་གུ་ཞིག་ཁྱེར་བས། ༣༥ བདག་ནི་རྗེས་སུ་འདེད་ཅིང་། བརྡུངས་ནས། དེའི་ཁ་ནས་ལུག་གུ་བསྒྲལ་བ་ཡིན། ཡང་གཅན་གཟན་དེ་བདག་གི་མདུན་དུ་ལངས་པས། བདག་གིས་དེ་ནི་ཁ་སྤུ་ནས་བཟུང་ཞིང་། བརྡུངས་ནས་བསད་པ་ཡིན། ༣༦ ཁྱེད་ཀྱི་བྲན་པོ་བདག་གིས་སེང་གེ་དང་དོམ་གཉིས་བསད་པ་ལྟར། མདུན་ལྤགས་མ་བཅད་པའི་ཕེ་ལེ་ཤེད་པ་དེ་ཡང་དེ་དང་འདྲ་བར་འགྱུར། མི་དེས་དཀོན་མཆོག་གསོན་པོའི་དམག་དཔུང་ལ་སྨད་པའི་ཕྱིར་རོ། ༣༧ དེ་ནས་དཱ་བིད་ཀྱིས། ཡ་ཧོ་ཝཱས་བདག་ནི་སེང་གེ་དང་དོམ་གྱི་ལག་པ་ནས་བསྒྲལ་བ་ལྟར། ཕེ་ལེ་ཤེད་པ་འདིའི་ལག་པ་ནས་ཀྱང་སྒྲོལ་བར་མཛད་པར་བྱའོ་ཞེས་ཞུས་པས། ཤ་ཨུལ་གྱིས་དཱ་བིད་ལ། ད་སོང་དང་། ཡ་ཧོ་ཝཱ་ཁྱོད་དང་མཉམ་དུ་བཞུགས་ཤིག ཅེས་བསྐུལ་ནས། ༣༨ ཤ་ཨུལ་གྱིས་དཱ་བིད་ལ་རང་གི་གོས་བསྐོན་ཏེ། ར་གན་གྱི་དབུ་རྨོག་མགོ་ལ་བཞག་ནས། ཁྲབ་ཡང་བསྐོན་ཏོ། ༣༩ དེ་ནས་དཱ་བིད་ཀྱིས་ཁྲབ་དེའི་སྟེང་དུ་རལ་གྲི་བཅིངས་ནས། འགྲུལ་བར་ནུས་སམ་མི་ནུས་ཚོད་བལྟ་སྟེ། སྔར་ཉམས་ལེན་མ་བྱས་པས། དཱ་བིད་ཀྱིས་ཤ་ཨུལ་ལ། སྔར་ངས་མ་སྦྱངས་པས། ང་འགྲུལ་བར་མི་ནུས། ཤེས་ཞུས་པས། དཱ་བིད་ཀྱིས་དེ་རྣམས་ཕུད་དོ། ༤༠ དེ་ནས་རང་གི་བེར་ཀ་ལག་པར་བཀུར་ཞིང་། གྲོག་པོ་ནས་རྡོ་བ་འཇམ་པོ་ལྔ་ཕྱེས་ཏེ། རང་ལ་ཡོད་པའི་རྫི་བོའི་སྒྱི་གུའམ་སྐ་རགས་ཀྱི་ནང་དུ་བཞག་པ་དང་། ལག་ཏུ་འུར་རྡོ་བཀུར་ཏེ། ཕེ་ལེ་ཤེད་པ་དང་ཉེ་བར་སོང་ངོ་༎
༤༡ ཕེ་ལེ་ཤེད་པ་ཡང་འོངས་ནས། དཱ་བིད་དང་ཉེ་བར་བསླེབས་པ་དང་། ཕུབ་འཁུར་བའི་མི་དེ་ཁོའི་མདུན་དུ་སོང་ངོ་། ༤༢ ཕེ་ལེ་ཤེད་པས་ཕན་ཚུན་བལྟས་པའི་ཚེ། དཱ་བིད་ནི་བྱད་གཟུགས་ལེགས་པའི་གཞོན་ནུ་སྐྲ་སེར་པོ་ལགས་པར་མཐོང་བས། དེ་ལ་སྨད་དོ། ༤༣ དེར་ཕེ་ལེ་ཤེད་པས་དཱ་བིད་ལ། བེར་ཀ་འཁུར་ཞིང་ངའི་མདུན་དུ་འོང་བ་དེ་ཅི་ཡིན། ང་ཁྱི་ཡིན་ནམ། ཞེས་འབོད་སྒྲགས་ཏེ། ཕེ་ལེ་ཤེད་པས་རང་གི་ལྷའི་མིང་བརྗོད་ཅིང་དཱ་བིད་ལ་དམོད་མོ་བཏབ་བོ། ༤༤ དེ་ནས་ཕེ་ལེ་ཤེད་པས་དཱ་བིད་ལ། ངའི་མདུན་དུ་འོང་དང་། ངས་ཁྱོད་ཀྱི་ཤ་ནམ་མཁའི་བྱ་དང་ཀླུངས་ཀྱི་སེམས་ཅན་རྣམས་ལ་གཏང་ངོ་། ༤༥ ཞེས་པའི་ལན་དུ་དཱ་བིད་ཀྱིས་ཕེ་ལེ་ཤེད་པ་ལ། ཁྱོད་ནི་རལ་གྲི་དང་། མདུང་དང་། ཕུབ་ཐོགས་ཤིང་། ངའི་རྩར་འོང་གི། ང་ནི་དཔུང་ཚོགས་ཀྱི་ཡ་ཧོ་ཝཱ་དང་། ཁྱོད་ཀྱིས་སྨད་པའི་ཨིས་ར་ཨེལ་གྱི་དམག་ཚོགས་ཀྱི་དཀོན་མཆོག་གི་མཚན་གྱི་ངང་ན་ཁྱོད་ཀྱི་མདུན་དུ་འོང་ངོ་། ༤༦ དེ་རིང་གི་ཉིན་པར་ཡ་ཧོ་ཝཱས་ཁྱོད་ནི་ངའི་ལག་ཏུ་གནང་སྟེ། ངས་ཁྱོད་གསད་ནས། ཁྱོད་ཀྱི་སྐེ་གཅོད་པར་བྱའོ། ཡང་ཕེ་ལེ་ཤེད་པའི་དམག་ཚོགས་ཀྱི་རོ་ཐམས་ཅད་དེ་རིང་གི་ཉིན་པར་ནམ་མཁའི་བྱ་དང་ས་གཞིའི་གཅན་གཟན་རྣམས་ལ་གཏོང་བར་བྱ། ཡང་ཨིས་ར་ཨེལ་ནང་དཀོན་མཆོག་ཅིག་ཡོད་པ། ས་གཞི་འདི་ཐམས་ཅད་ལ་མངོན་པར་འགྱུར་རོ། ༤༧ ཡང་ཡ་ཧོ་ཝཱས་རལ་གྲིའམ་མདུང་གི་སྒོ་ནས་སྒྲོལ་བར་མི་མཛད་པར། འདི་རུ་འཛོམས་པའི་མི་ཚོགས་ཐམས་ཅད་ཀྱིས་ཤེས་པར་འགྱུར་རོ། ཡང་དམག་འདི་ཡ་ཧོ་ཝཱ་ཡི་ཡིན་པས། ཁོང་གིས་ཁྱོད་རྣམས་ང་ཚོའི་ལག་ཏུ་གནང་བར་བྱའོ་ཞེས་སྨྲས་པ་དང་།
༤༨ ཕེ་ལེ་ཤེད་པ་ལངས་ཏེ་འོངས་ནས། དཱ་བིད་དང་ཉེ་བར་ཐུག་ལ་ཁད་དུ། དཱ་བིད་ཀྱིས་མགྱོགས་ཤོར་བྱས་ཏེ། ཕེ་ལེ་ཤེད་པ་དང་ཐུག་པར་དམག་དཔུང་གི་ཕྱོགས་སུ་བརྒྱུགས་ནས། ༤༩ དཱ་བིད་ཀྱིས་རང་གི་སྒྱི་གུའི་ནང་དུ་ལག་པ་བཏང་ནས། རྡོ་བ་ཞིག་བླངས་ནས་བརྒྱབས་ནས། ཕེ་ལེ་ཤེད་པའི་དཔྲལ་བར་ཕོག་སྟེ། རྡོ་བ་དེ་དཔྲལ་བའི་ནང་དུ་ནུབ་པ་དང་། ཕེ་ལེ་ཤེད་པ་ཁ་འབུབ་ཏུ་སར་ལྷུང་ངོ་༎
༥༠ དེ་ལྟར་དཱ་བིད་ཀྱིས་འུར་རྡོ་དང་རྡོ་བས་ཕེ་ལེ་ཤེད་པ་དེ་བཏུལ་ནས། ཕེ་ལེ་ཤེད་པ་ལ་བརྡུངས་ནས་བསད་དོ། དེ་རུ་དཱ་བིད་ཀྱི་ལག་ན་རལ་གྲི་མེད་པས། ༥༡ དཱ་བིད་རྒྱུག་ཅིང་། ཕེ་ལེ་ཤེད་པ་དེའི་ཐོག་ཏུ་ལངས་ཏེ། དེའི་རལ་གྲི་བླངས་ཏེ། ཤུབས་ནས་ཕྱུང་ཞིང་བརྒྱབས་ནས། མགོ་བཅད་དོ། ཕེ་ལེ་ཤེད་པ་རྣམས་ཀྱིས་གྱད་པ་དེ་ཤི་ཟིན་པར་མཐོང་བས་བྲོས་སོ། ༥༢ དེ་རུ་ཨིས་ར་ཨེལ་པ་དང་ཡ་ཧུ་དཱ་པ་གཉིས་ལངས་ནས། འབོད་བསྒྲགས་ཤིང་། གད་དང་ཨེག་རོན་གྱི་རྟ་སྒོར་སླེབ་པའི་བར་དུ་ཕེ་ལེ་ཤེད་པའི་རྗེས་སུ་དེད་དོ། ཕེ་ལེ་ཤེད་པ་སྣད་པོ་རྣམས་ནི་གད་དང་ཨེག་རོན་གྱི་ཤ་ཨ་རཱ་ཨིམ་༼བོད་སྐད་དུ་རྟ་སྒོ་གཉིས་༽ཀྱི་བར་ལ་ལམ་ཁར་ལྷུང་ངོ་། ༥༣ དེར་ཨིས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་རྗེས་སུ་འདེད་པ་ལས་ཕྱིར་ལོག་སྟེ། དེ་རྣམས་ཀྱི་དམག་སྒར་ཐམས་ཅད་བཤིག་གོ། ༥༤ དེ་ནས་དཱ་བིད་ཀྱིས་ཕེ་ལེ་ཤེད་པའི་མགོ་བླང་སྟེ། ཡེ་རུ་ཤ་ལེམ་དུ་ཁྱེར་ཀྱང་། དེའི་གོ་ཁྲབ་རང་གི་གུར་དུ་བཞག་གོ།
༥༥ སྔར་ཤ་ཨུལ་གྱིས་དཱ་བིད་་ཕེ་ལེ་ཤེད་པ་དང་འགྲན་པའི་ཕྱིར་འགྲོ་བར་མཐོང་བའི་ཚེ་ན། དམག་དཔོན་ཨབ་ནེར་བྱ་བ་དེ་ལ། ཀྱེ་ཨབ་ནེར། གཞོན་ནུ་དེ་ནི་སུའི་བུ་ཡིན། ཞེས་འདྲིས་པའི་ལན་དུ་ཨབ་ནེར་གྱིས། ཀྱེ་རྒྱལ་པོ། ཁྱེད་ཀྱི་སེམས་གསོན་པོ་ལགས་པར་ངེས་པ་ལྟར། ངས་མི་ཤེས་ཞུས་པས། ༥༦ རྒྱལ་པོས། གཞོན་ནུ་དེ་ནི་སུའི་བུ་ཡིན་འདྲིས་ཤིག་ཅེས་བསྐུལ་བས། ༥༧ དཱ་བིད་་ཕེ་ལེ་ཤེད་པ་གསོད་པ་ལས་ཕྱིར་ལོག་བསླེབས་པའི་ཚེ། ཨབ་ནེར་གྱིས་ཁོ་བཟུང་ནས། ཕེ་ལེ་ཤེད་པའི་མགོ་ལག་པར་འཁུར་མཁན་དེ་ནི་ཤ་ཨུལ་གྱི་དྲུང་དུ་ཁྲིད་དོ། ༥༨ དེར་ཤ་ཨུལ་གྱིས་དེ་ལ། ཀྱེ་གཞོན་ནུ། ཁྱོད་སུའི་བུ་ཡིན། ཞེས་པའི་ལན་དུ་དཱ་བིད་ཀྱིས། བདག་ནི་བེད་ལེ་ཧེམ་པ་ཁྱེད་ཀྱི་བྲན་པོ་ཨི་ཤཱའི་བུ་ཡིན་ཞེས་ཞུས་སོ༎