༡༦
དེ་ནས་ཡ་ཧོ་ཝཱས་ཤ་མུ་ཨེལ་ལ། ཁྱོད་ཀྱིས་ཤ་ཨུལ་གྱི་ཕྱིར་ཇི་སྲིད་བར་དུ་མྱ་ངན་བྱེད་པར་བྱ། ད་ལྟོས་ཤིག ཨིས་ར་ཨེལ་གྱི་ཐོག་ཏུ་རྒྱལ་པོ་མི་བྱེད་པའི་ཕྱིར་ངས་དེ་ནི་སྤངས་པ་ཡིན། ཁྱོད་ཀྱི་རྭ་སྣུམ་གྱིས་སྐོང་ལ་སོང་དང་། ངས་བེད་ལེ་ཧེམ་པ་ཨི་ཤཱ་ཞེས་བྱ་བ་ཞིག་གི་བུ་རྣམས་ཀྱི་ཁྲོད་ནས་རྒྱལ་པོ་ཞིག་བསྐོས་པ་ཡིན་པས། ངས་ཁྱོད་དེ་རུ་གཏོང་བར་བྱ་ཞེས་སྨྲས་པས།  ཤ་མུ་ཨེལ་གྱིས། ང་ཅི་ལྟར་འགྲོ། ཤ་ཨུལ་གྱིས་དེ་ཐོས་ན། ང་གསོད་པར་བྱ། ཞེས་ཞུས་པའི་ལན་དུ་ཡ་ཧོ་ཝཱས། བེའུ་ཞིག་ཁྱོད་དང་མཉམ་དུ་འཁྲིད་ཅིང་འདི་ལྟར་སྨྲོས། ང་ནི་ཡ་ཧོ་ཝཱ་ལ་མཆོད་པ་འབུལ་བའི་ཕྱིར་འོང་ངོ་ཞེས་སྨྲོས་ཤིག  ཡང་ཨི་ཤཱ་མཆོད་པ་རུ་བོས་དང་། ཁྱོད་ཀྱིས་ཅི་བྱེད་པར་རུང་བ་དེ་ནི་ངས་སྟོན་པར་བྱའོ། ཡང་ངས་ཁྱོད་ལ་མིང་སྟོན་པ་དེ་ལ་སྣུམ་གྱིས་བྱུགས་ཤིག  ཅེས་ཡ་ཧོ་ཝཱས་གསུངས་པ་བཞིན་དུ་ཤ་མུ་ཨེལ་གྱིས་སྒྲུབ་པར་བྱས་ཏེ། བེད་ལེ་ཧེམ་དུ་བསླེབ་བོ། གྲོང་ཁྱེར་དེའི་རྒན་པོ་རྣམས་ཤ་མུ་ཨེལ་ཕྲད་དུ་འདར་གྱིན་འོང་སྟེ། ཁྱེད་ཞི་བདེ་བར་ཕེབས་སམ་ཞེས་ཞུས་པས།  དེས་ནི། ང་ཞི་བདེ་ཞིང་ཡ་ཧོ་ཝཱ་ལ་མཆོད་པ་འབུལ་བར་འོངས་པས། ཁྱོད་རྣམས་ཀྱིས་རང་རང་གི་ལུས་གཙང་སྦྲ་བྱོས་ལ། ང་དང་བཅས་སུ་མཆོད་པར་ཤོག་ཅིག་བསྐུལ་ནས། ཨི་ཤཱ་དང་དེའི་བུ་རྣམས་གཙང་སྦྲ་བྱས་ནས། མཆོད་པ་རུ་བོས་སོ༎
 ཡང་དེ་རྣམས་བསླེབ་པར་ཙམ་གྱིས། ཤ་མུ་ཨེལ་གྱིས་ཨེ་ལི་ཨབ་ལ་བལྟས་ཤིང་། ཡ་ཧོ་ཝཱའི་དྲུང་དུ་འབྱུགས་པར་རུང་བ་དེ་ནི་ངེས་པར་ལགས་སོ་ཞེས་སྨྲས་སོ།  དེར་ཡ་ཧོ་ཝཱས་ཤ་མུ་ཨེལ་ལ། མི་འདིའི་གདོང་ངམ་ལུས་རིང་བ་ལ་མ་བལྟ། ངས་དེ་ནི་སྤངས་པ་ཡིན། ཡ་ཧོ་ཝཱས་གཟིགས་པ་ནི་མི་ཀུན་གྱིས་ལྟ་བ་དང་འདྲ་བ་མིན། མི་རྣམས་ཀྱིས་མིག་གི་མདུན་དུ་ཡོད་པ་ལ་ལྟའི། ཡ་ཧོ་ཝཱས་ནི་སྙིང་ལ་གཟིགས་སོ་ཞེས་གསུངས་སོ།  དེ་ནས་ཨི་ཤཱས་ཨ་བི་ནཱ་དབ་ལ་བོས་ནས། ཤ་མུ་ཨེལ་གྱི་དྲུང་དུ་འགྲོ་རུ་བཅུག་པས། དེས་ནི། ཡ་ཧོ་ཝཱས་འདི་ཡང་མ་བསྐོས་སོ་ཞེས་སྨྲས་པས།  ཡང་ཨི་ཤཱས་ཤམ་མཱ་དྲུང་དུ་འགྲོ་རུ་བཅུག་སྟེ། དེས་ནི། ཡ་ཧོ་ཝཱས་འདི་ཡང་མ་བསྐོས་སོ་ཞེས་སྨྲས་པས། ༡༠ ཨི་ཤཱས་རང་གི་བུ་བདུན་ཤ་མུ་ཨེལ་གྱི་དྲུང་དུ་འགྲོ་རུ་བཅུག་ཀྱང་། ཤ་མུ་ཨེལ་གྱིས་ཨི་ཤཱ་ལ། ཡ་ཧོ་ཝཱས་འདི་དག་ཀྱང་མ་བསྐོས་སོ་ཞེས་སྨྲས་སོ། ༡༡ ཡང་ཤ་མུ་ཨེལ་གྱིས་ཨི་ཤཱ་ལ། ཁྱེད་ཀྱི་བུ་ཚང་མ་འདི་རུ་ཡོད་དམ་ཞེས་འདྲིས་པའི་ལན་དུ་དེས། བུ་ཆུང་ཤོས་ད་དུང་ལུས། ཡང་ལྟོས། ཁོ་ལུག་འཚོ་གྱིན་ཡོད་ཟེར་བས། ཤ་མུ་ཨེལ་གྱིས་ཨི་ཤཱ་ལ། དེ་ལ་འབོད་པར་མི་ཞིག་ཐོང་། ཁོ་མ་བསླེབ་བར་དུ་ངེད་རྣམས་ས་ལ་མི་སྡོད། ༡༢ ཅེས་སྨྲས་པ་བཞིན་དུ་མི་ཞིག་བཏང་བས། བསླེབས་སོ། བུ་དེ་ལ་ལྟ་ན། སྐྲ་སེར་ཞིང་། མིག་མཛེས་པ་དང་། བྱད་གཟུགས་ལེགས་པ་ཞིག་ལགས་སོ། དེའི་ཚེ་ཡ་ཧོ་ཝཱས། འདི་ནི་བསྐོས་པ་དེ་ཡིན་པས། ད་ལངས་ཏེ་དེ་ལ་འབྱུག་པར་བྱོས་ཤིག་ཅེས་བཀའ་སྩལ་བས། ༡༣ ཤ་མུ་ཨེལ་གྱིས་འབྲུ་མར་གྱི་རྭ་དེ་བླངས་ཤིང་། ཁོའི་སྤུན་ཟླ་རྣམས་ཀྱི་ཁྲོད་དུ་ཁོ་ལ་བྱུགས་སོ། ཉིན་དེ་ནས་བཟུང་སྟེ། དཱ་བིད་ལ་ཡ་ཧོ་ཝཱའི་ཐུགས་ཉིད་དབང་དང་ལྡན་པར་འབབ་བོ། དེ་ནས་ཤ་མུ་ཨེལ་ལངས་ཏེ་རཱ་མཱ་རུ་སོང་ངོ་༎
༡༤ ཡང་ཡ་ཧོ་ཝཱའི་ཐུགས་ཉིད་བཟང་པོ་ཤ་ཨུལ་གྱི་ཕྱོགས་ནས་ཕར་བཞུད་ནས། ཡ་ཧོ་ཝཱས་མངགས་པའི་འདྲེ་ངན་པ་ཞིག་གིས་དེ་ལ་འཇིགས་སྐྲག་ཏུ་བཅུག་གོ། ༡༥ དེའི་ཕྱིར་ཤ་ཨུལ་གྱི་གཡོག་འཁོར་རྣམས་ཀྱིས་ཁོང་ལ་ད་གཟིགས་དང་། དཀོན་མཆོག་གིས་མངགས་པའི་འདྲེ་ངན་པ་ཞིག་གིས་ཁྱེད་ཉིད་ལ་འཇིགས་སྐྲག་ཏུ་བཅུག་པས། ༡༦ ཀྱེ་བདག་གི་དཔོན་པོ། ཁྱེད་ཉིད་ཀྱིས་སྐུ་མདུན་དུ་ཡོད་པའི་གཡོག་པོ་རྣམས་ལ། སྒྲ་སྙན་སྐྲོག་པར་མཁས་པའི་མི་ཞིག་འཚོལ་བའི་ཕྱིར་བཀའ་གནོང་ཞིག་དང་། དཀོན་མཆོག་གིས་མངགས་པའི་འདྲེ་ངན་པས་ཁྱེད་ཉིད་ལ་འཇིགས་སྐྲག་བྱེད་པའི་ཚེ། མི་དེས་སྒྲ་སྙན་སྐྲོག་པར་ཙམ་གྱིས། ཁྱེད་ཉིད་ལ་ཕན་པར་འགྱུར་ཞེས་ཞུས་པས། ༡༧ ཤ་ཨུལ་གྱིས་གཡོག་འཁོར་རྣམས་ལ། ད་སྐྲོག་མཁས་པའི་མི་ཞིག་ངའི་ཕྱིར་བཙལ་ཏེ། ངའི་མདུན་དུ་ཁྲིད་ཤོག ༡༨ ཅེས་སྨྲས་པའི་ལན་དུ་གཞོན་ནུའི་ནང་ནས་གཅིག་གིས། ཀྱེ་ཧོ། ངས་བེད་ལེ་ཧེམ་པ་ཨི་ཤཱའི་བུ་ཞིག་མཐོང་བ་ཡིན། དེ་ནི་སྐྲོག་མཁས་པ་དང་། མི་དཔའ་ཅན་དང་། ཁྱོ་ག་པ་དང་། གཏམ་ལ་མཁས་པ་དང་། བྱད་གཟུགས་ལེགས་པ་དང་། ཡ་ཧོ་ཝཱ་ཁོ་དང་མཉམ་དུ་བཞུགས་སོ། ཞེས་ཞུས་པས། ༡༩ ཤ་ཨུལ་གྱིས་ཨི་ཤཱའི་མདུན་དུ་བང་ཆེན་བཏང་ནས་དེ་ལ། ཁྱོད་རང་གི་བུ་དཱ་བིད་ལུག་ཁྱུ་སྲུང་མཁན་དེ་ངའི་རྩར་ཐོང་ཞིག་ཅེས་སྨྲས་པས། ༢༠ ཨི་ཤཱས་བག་ལེབ་བཀལ་བའི་བོང་བུ་དང་། རྒུན་ཆང་གིས་བཀང་བའི་རྐྱལ་པ་དང་། རི་གུ་ཞིག་བཟུང་སྟེ། རང་གི་བུ་དཱ་བིད་དང་བཅས་སུ་ཤ་ཨུལ་གྱི་དྲུང་དུ་བཏང་ངོ་། ༢༡ དཱ་བིད་་ཤ་ཨུལ་གྱི་དྲུང་དུ་བསླེབས་ནས། དེའི་དྲུང་དུ་གཡོག་བྱས་སོ། ཁོང་གིས་དེ་ལ་ཤིན་ཏུ་གཅེས་པར་བཟུང་བས། དེ་ནི་ཁོང་གི་གོ་ཁྲབ་འཁུར་མཁན་དུ་གྱུར་ཏོ། ༢༢ དེ་ནས་ཤ་ཨུལ་གྱིས་ཨི་ཤཱ་ལ། དཱ་བིད་ངའི་མདུན་དུ་གནས་སུ་ཆུག་ཅིག ཁོ་ལ་ངའི་མིག་གི་མདུན་དུ་བཀའ་དྲིན་བརྙེད་དོ་ཞེས་པའི་ཕྲིན་བསྐུར་ཏོ། ༢༣ དེ་ནས་དཀོན་མཆོག་གིས་མངགས་པའི་འདྲེ་ངན་པ་ནི་ཤ་ཨུལ་གྱི་ཐོག་ཏུ་བབ་པའི་ཚེ། དཱ་བིད་ཀྱིས་སྒྲ་སྙན་བླང་སྟེ། ལག་པས་བསྐྲོགས་པས། ཤ་ཨུལ་གྱི་སེམས་ནི་བདེ་བར་གྱུར་ཞིང་ཕན་ནས། འདྲེ་ངན་པ་དེ་ཁོ་ནས་ཐོན་ནོ༎