༡༥
དེ་ནས་ཤ་མུ་ཨེལ་གྱིས་ཤ་ཨུལ་ལ། སྔར་ཡ་ཧོ་ཝཱས་ཁྱོད་ཨིས་ར་ཨེལ་ཁོང་ཉིད་ཀྱི་མི་བརྒྱུད་ཀྱི་རྒྱལ་པོར་འབྱུག་པར་ང་བརྫངས་པས། ད་ལྟ་ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའ་སྩལ་གྱི་གསུང་ལ་ཉོན། ༢ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ཨིས་ར་ཨེལ་་མི་སེར་ཡུལ་ནས་ཐོན་པའི་ཚེ། ཨ་མ་ལེག་གིས་དེ་ལ་ལམ་ན་ཆོམ་པོ་ལྟར་བསྒུག་སྟེ། ཅི་ལྟར་བྱས་པ་དེ་ངས་དྲན་ནོ། ༣ དེའི་ཕྱིར་ཁྱོད་སོང་ལ། ཨ་མ་ལེག་ལ་འཐབ་འཛིང་བྱོས་ཤིག སྙིང་རྗེ་མ་བྱེད་པར། དེ་དག་ལ་ཅི་ཡོད་པ་ཐམས་ཅད་མེད་པར་བྱེད་ཅིང་། སྐྱེས་པ་དང་བུད་མེད་དང་། ཕྲུ་གུ་དང་འོ་འཐུང་དང་། བ་གླང་དང་ལུག་དང་། རྔ་བོང་དང་བོང་བུ་ཐམས་ཅད་གསོད་ཅིག༤ ཅེས་སྨྲས་པས། ཤ་ཨུལ་གྱིས་མི་བརྒྱུད་ལ་དམག་སྐུལ་བཏང་སྟེ། ཏེ་ལཱ་ཨིམ་དུ་དེ་དག་གི་གྲངས་བརྩིས་ནས། རྐང་ཐང་པའི་གྲངས་འབུམ་ཚོ་གཉིས་དང་། ཡ་ཧུ་དཱ་པའི་གྲངས་ཁྲི་ཚོ་གཅིག་གོ། ༥ དེ་ནས་ཤ་ཨུལ་་ཨ་མ་ལེག་གི་རྒྱལ་ས་རུ་ཕྱིན་ནས། གྲོག་པོ་ཞིག་གི་ལུང་པ་རུ་བསྒུག་སྟེ། ༦ ཀེ་ནི་པ་རྣམས་ལ་ཤ་ཨུལ་གྱིས་འདི་སྐད་དུ། ཨིས་ར་ཨེལ་པ་རྣམས་མི་སེར་ཡུལ་ནས་ཐོན་པའི་ཚེ། ཁྱོད་རྣམས་ཀྱིས་དེ་དག་ལ་སྙིང་རྗེ་བསྟན་པས། ཁྱོད་རྣམས་ཨ་མ་ལེག་པའི་ཁྲོད་ནས་ཐོན་ལ་སོང་ཞིག མ་ཐོན་ན། དེ་དག་དང་བཅས་སུ་མེད་པར་འགྱུར་བར་འགྱུར་རོ་ཞེས་བསྐུལ་བས། ཀེ་ནི་པ་རྣམས་ཨ་མ་ལེག་པའི་ཁྲོད་ནས་ཐོན་ནོ། ༧ དེར་ཤ་ཨུལ་གྱིས་ཨ་མ་ལེག་པ་རྣམས་ལ། ཧ་ཝི་ལཱ་ནས་མི་སེར་ཡུལ་གྱི་ཤར་ཕྱོགས་ཤུར་གྱི་བར་དུ་འཐབ་འཛིང་བྱས་ཏེ། ༨ ཨ་མ་ལེག་པའི་རྒྱལ་པོ་ཨ་གག་ཅེས་བྱ་བ་དེ་གསོན་པོར་བཟུང་སྟེ། མི་ཐམས་ཅད་རལ་གྲིའི་ཁས་མེད་པར་བྱས་ཀྱང་། ༩ ཤ་ཨུལ་དང་མི་བརྒྱུད་གཉིས་ཀྱིས་ཨ་གག་དང་། ལུག་བཟང་པོ་དང་། བ་གླང་བཟང་པོ་དང་། ཕྱུགས་ཚོན་པོ་དང་། ལུག་གུ་དང་། ལེགས་པ་གང་ཡོད་པ་ཐམས་ཅད་མེད་པར་མ་བྱས་ཏེ། སྙིང་རྗེ་བསྟན་ཏོ། ཕན་མེད་ཅིང་མི་འདོད་པ་གང་ཡོད་པ་དེ་ཐམས་ཅད་མེད་པར་བྱས་སོ༎
༡༠ དེའི་ཕྱིར་ཡ་ཧོ་ཝཱའི་བཀའ་ཤ་མུ་ཨེལ་ལ་བྱུང་ཤིང་འདི་སྐད་དུ། ༡༡ ཤ་ཨུལ་རྒྱལ་པོར་བསྐོས་པའི་ཕྱིར་ངས་འགྱོད་པ་བསྐྱེད་དོ། དེ་ནི་ངའི་ཕྱི་བཞིན་འབྲང་བ་ལས་གྱུར་ནས། ངའི་བཀའ་བཞིན་དུ་མི་སྒྲུབ་པའི་ཕྱིར་རོ། ཡང་ཤ་མུ་ཨེལ་ཁོང་འཁྲུགས་ཏེ། མཚན་གང་ཡ་ཧོ་ཝཱ་ལ་སྨོན་ལམ་ཞུས་སོ། ༡༢ སང་ཞོག་ཤ་མུ་ཨེལ་མྱུར་དུ་ཤ་ཨུལ་དང་འཕྲད་པར་ལངས་ཙ་ན། མི་རྣམས་ཀྱིས་ཤ་མུ་ཨེལ་ལ། ཤ་ཨུལ་་ཀར་མེལ་དུ་སོང་སྟེ། རང་གི་ཕྱིར་རྟགས་ཤིག་བཙུགས་སོ། ད་ལྟ་ཕར་འགྲུལ་ཞིང་། ཐོན་ཏེ། གིལ་གལ་དུ་སོང་ངོ་ཞེས་ཞུས་སོ། ༡༣ དེ་ནས་ཤ་མུ་ཨེལ་་ཤ་ཨུལ་གྱི་མདུན་དུ་ཕྱིན་པས། ཤ་ཨུལ་གྱིས་ཁོང་ལ། ཡ་ཧོ་ཝཱས་ཁྱེད་ལ་བྱིན་རླབས་གནོང་ཞིག ངས་ཡ་ཧོ་ཝཱའི་བཀའ་བཞིན་དུ་སྒྲུབ་པར་བྱས་པ་ཡིན། ཅེས་ཞུས་པས། ༡༤ ཤ་མུ་ཨེལ་གྱིས། ལུག་གུ་དང་བ་གླང་གིས་སྐད་རྒྱབ་པ་ངའི་རྣ་བར་ཐོས་པ་དེ་ཅི་ཡིན། ༡༥ ཞེས་འདྲིས་པའི་ལན་དུ་ཤ་ཨུལ་གྱིས། ཁོ་རྣམས་ཀྱིས་དེ་དག་ཨ་མ་ལེག་པ་ནས་བཟུང་ངོ་། ལུག་དང་བ་གླང་ཐམས་ཅད་ལས་ལེགས་པ་རྣམས་ནི་མི་བརྒྱུད་ཀྱིས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་མཆོད་པར་འབུལ་བའི་ཕྱིར་བཞག་སྟེ། གཞན་ཐམས་ཅད་ང་ཚོས་མེད་པར་བྱས་པ་ཡིན། ༡༦ ཞེས་སྨྲས་པས། ཤ་མུ་ཨེལ་གྱིས་ཤ་ཨུལ་ལ། སྒུགས་ཤིག་དང་མཚན་མོ་འདི་ལ་ཡ་ཧོ་ཝཱས་ང་ལ་གསུངས་པའི་གསུང་སྐད་དེ་ཁྱོད་ལ་འཆད་པར་བྱ། ཞེས་པའི་ལན་དུ་དེས་ནི། འཆད་པར་མཛོད་ཅིག་ཞུས་སོ༎
༡༧ དེར་ཤ་མུ་ཨེལ་གྱིས། ཁྱོད་ནི་རང་གི་མིག་གི་མདུན་དུ་ཆུང་ངུ་ཡིན་པའི་ཚེ། ཁྱོད་ཨིས་ར་ཨེལ་གྱི་མི་བརྒྱུད་ཐམས་ཅད་ཀྱི་སྡེ་དཔོན་དུ་གྱུར་ཏེ། ཡ་ཧོ་ཝཱས་ཁྱོད་ཨིས་ར་ཨེལ་གྱི་རྒྱལ་པོར་འབྱུག་པར་མ་མཛད་དམ། ༡༨ དེ་ནས་ཡ་ཧོ་ཝཱས་ཁྱོད་ལམ་དུ་མངགས་ཤིང་འདི་སྐད་དུ། ད་ཁྱོད་སོང་ལ། ཨ་མ་ལེག་པ་སྡིག་ཅན་དེ་རྣམས་ཁྱོན་ནས་མེད་པར་བྱོས་ཤིག་དང་། དེ་དག་ཚར་བཅད་པའི་བར་དུ་འཐབ་འཛིང་བྱོས་ཤིག་ཅེས་བསྐུལ་ཀྱང་། ༡༩ ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའ་ལ་མ་ཉན་པར། བཅོམ་ནོར་ལ་ཧབ་ཐོབ་རྒྱབ་ཅིང་། ཡ་ཧོ་ཝཱའི་སྤྱན་སྔར་ལས་ངན་ཡིན་པ་དེ་ཅིའི་ཕྱིར་བྱས་པ་ཡིན། ༢༠ ཞེས་འདྲིས་པས། ཤ་ཨུལ་གྱིས་ཤ་མུ་ཨེལ་ལ། ཀྱེ་ཧོ། ངས་ནི་ཡ་ཧོ་ཝཱའི་བཀའ་ལ་ཉན་ཏེ། ཡ་ཧོ་ཝཱས་མངགས་པའི་ལམ་ལ་འགྲུལ་བ་ཡིན། ཨ་མ་ལེག་པའི་རྒྱལ་པོ་ཨ་གག་བཟུང་ནས། ཨ་མ་ལེག་པ་ཐམས་ཅད་ཡོངས་སུ་མེད་པར་བྱས་པ་ཡིན། ༢༡ འོན་ཀྱང་བཅོམས་པའི་ལུག་དང་བ་གླང་ལེགས་པ་ཀུན་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་མཆོད་པར་འབུལ་བའི་ཕྱིར་མི་བརྒྱུད་ཀྱིས་གིལ་གལ་དུ་ཁྲིད་དོ། ༢༢ ཞེས་ཞུས་པའི་ལན་དུ་ཤ་མུ་ཨེལ་གྱིས། སྦྱིན་སྲེག་དང་མཆོད་པའམ། ཡ་ཧོ་ཝཱའི་བཀའ་ལ་ཉན་པ། དེ་གཉིས་ཡ་ཧོ་ཝཱའི་སྤྱན་སྔར་འདྲ་བ་ཡིན་ནམ། ད་ལྟོས་ཤིག བཀའ་ལ་ཉན་པ་ནི་མཆོད་པ་བས་བཟང་པོ་དང་། བཀའ་ལ་ཉན་པ་ནི་ལུག་ཐུག་གི་ཚིལ་ལུ་ལས་བཟང་པོ་ལགས་སོ། ༢༣ ངོ་ལོག་པའི་སེམས་ནི་ཕྲ་མེན་གྱི་སྡིག་པ་དང་། མི་ཉན་པའི་སེམས་ནི་ངན་ཆོས་དང་སྐུ་འདྲའི་ཆོས་དང་འདྲ་བ་ཡིན། ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའ་དོར་བས། ཡ་ཧོ་ཝཱས་ཁྱོད་ཀྱང་རྒྱལ་པོ་བྱེད་པ་ལས་དོར་རོ༎
༢༤ ཞེས་སྨྲས་པའི་ལན་དུ་ཤ་ཨུལ་གྱིས་ཤ་མུ་ཨེལ་ལ། བདག་ནི་མི་བརྒྱུད་ལ་འཇིགས་ཏེ། དེ་དག་གི་སྒྲ་ལ་ཉན་ཅིང་། ཡ་ཧོ་ཝཱའི་བཀའ་དང་ཁྱེད་ཀྱི་གཏམ་ལས་འགལ་ཏེ། སྡིག་པ་བྱས་པ་ཡིན། ༢༥ ད་ཁྱེད་ཀྱིས་བདག་གི་སྡིག་པ་སེལ་བར་མཛོད་ལ། བདག་དང་མཉམ་དུ་ཕེབས་ཤིག་དང་། བདག་གིས་ཡ་ཧོ་ཝཱ་ལ་ཕྱག་འབུལ་བར་བྱ། ཞེས་ཞུས་པས། ༢༦ ཤ་མུ་ཨེལ་གྱིས་ཤ་ཨུལ་ལ། ང་ནི་ཁྱོད་དང་མཉམ་དུ་མི་ལོག ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའ་དོར་བས། ཡ་ཧོ་ཝཱས་ཁྱོད་ནི་ཨིས་ར་ཨེལ་གྱི་ཐོག་ཏུ་རྒྱལ་པོ་བྱེད་པ་ལས་དོར་རོ། ༢༧ ཞེས་སྨྲས་ནས། ཤ་མུ་ཨེལ་འགྲོ་བའི་ཕྱིར་ལུས་བསྒྱུར་བར་ཙམ་གྱིས། ཤ་ཨུལ་གྱིས་ཁོང་གི་གོས་ཀྱི་ཐུ་བ་བཟུང་བས། གོས་རལ་ལོ། ༢༨ དེར་ཤ་མུ་ཨེལ་གྱིས་དེ་ལ། དེ་ལྟར་ཡ་ཧོ་ཝཱས་དེ་རིང་གི་ཉིན་པར་ཨིས་ར་ཨེལ་གྱི་རྒྱལ་སྲིད་ཁྱོད་ཀྱི་ལག་པ་ནས་ཧྲལ་ཏེ། ཁྱོད་ཀྱི་ཁྱིམ་མཚེས་པ་ཁྱོད་ལས་བཟང་པོ་ཞིག་ལ་གནང་ངོ་། ༢༩ ཨིས་ར་ཨེལ་གྱི་སྟོབས་ཆེན་གྱིས་ཞལ་རྫུན་ཡང་མི་གསུང་། ཐུགས་འགྱོད་ཡང་མི་སྐྱེད། ཁོང་ནི་འགྱོད་པ་སྐྱེད་པའི་མི་དང་འདྲ་བ་མི་ལགས། ༣༠ ཞེས་སྨྲས་ནས་དེས། བདག་གིས་ཉེས་སྡིག་བྱས་པ་ཡིན། བྱས་ཀྱང་། ད་ཁྱེད་ཀྱིས་བདག་གི་མི་བརྒྱུད་ཀྱི་རྒན་པོ་དང་། ཨིས་ར་ཨེལ་གྱི་མིག་གི་མདུན་དུ་བདག་ལ་བཀུར་སྟི་མཛད་ཅིང་། བདག་དང་མཉམ་དུ་ལོག་ཅིག་དང་། བདག་གིས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་ཕྱག་འབུལ་བར་བྱའོ། ཞེས་ཞུས་ནས། ༣༡ ཤ་མུ་ཨེལ་་ཤ་ཨུལ་གྱི་ཕྱི་བཞིན་དུ་འབྲངས་ཏེ། ཤ་ཨུལ་གྱིས་ཡ་ཧོ་ཝཱ་ལ་ཕྱག་ཕུལ་ཏོ༎
༣༢ དེ་ནས་ཤ་མུ་ཨེལ་གྱིས། ཨ་མ་ལེག་པའི་རྒྱལ་པོ་ཨ་གག་ངའི་མདུན་དུ་འདིར་ཁྲིད་ཤོག ཅེས་བཀའ་སྩལ་བས། ཨ་གག་གིས། འཆི་བ་བྲོ་བ་ཁ་བ་དེ་ནི་ངེས་པར་མྱངས་ཟིན་ནོ་ཞེས་སྨྲས་ནས། དགའ་ཞིང་དེར་སོང་ངོ་། ༣༣ ཡང་ཤ་མུ་ཨེལ་གྱིས། ཁྱོད་ཀྱི་རལ་གྲིས་བུད་མེད་མང་པོ་ཕྲུ་གུ་མེད་པར་བྱས་པ་ལྟར། བུད་མེད་རྣམས་ཀྱི་ཁྲོད་དུ་ཁྱོད་ཀྱི་མ་ནི་ཕྲུ་གུ་མེད་པར་གྱུར་ཅིག་ཅེས་སྨྲས་ནས། ཤ་མུ་ཨེལ་གྱིས་ཨ་གག་ནི་གིལ་གལ་དུ་ཡ་ཧོ་ཝཱའི་དྲུང་དུ་དུམ་བུར་བཅད་དོ༎