༢༥
ཡང་ཤ་མུ་ཨེལ་གྲོངས་ནས། ཨིས་ར་ཨེལ་པ་ཐམས་ཅད་འཛོམས་པ་དང་། མྱ་ངན་བྱས་ཤིང་། ཁོང་གི་སྤུར་རཱ་མཱ་རུ་ཁོང་རང་གི་ཁྱིམ་གྱི་ནང་ན་དུར་དུ་བཙུད་དོ༎ཡང་དཱ་བིད་ལངས་ཏེ། ཕ་རན་ཞེས་བྱ་བའི་བྱེ་ཐང་དུ་མར་སོང་ངོ་། ༢ མཱ་ཨོན་ཡུལ་དུ་མི་ཞིག་གནས་ཏེ། མི་དེའི་རྒྱུ་ནོར་ནི་ཀར་མེལ་ཡུལ་དུ་ཡོད་པ་ཡིན། མི་དེ་ནི་ཤིན་ཏུ་ཆེན་པོ་དང་། ཁོ་ལ་ལུག་སྟོང་ཕྲག་གསུམ་དང་། ར་སྟོང་ཕྲག་གཅིག་ཡོད་པ་ཡིན། ཡང་མི་དེས་རང་གི་ལུག་གི་བལ་ཀར་མེལ་དུ་བྲགས་སོ། ༣ མི་དེའི་མིང་ནཱ་བལ་དང་། ཁོའི་ཆུང་མའི་མིང་ཨ་བི་ཀཱ་ཨིལ། བུད་མེད་དེ་ནི་བློ་གྲོས་ཅན་དང་བྱད་གཟུགས་མཛེས་པ་ཞིག་ཡིན་གྱི། ཁྱོ་ནི་ཁ་ལོ་གྱོང་ཞིང་བྱ་སྤྱོད་ངན་པའི་མི་ཞིག་ཡོད་པ་ཡིན། ཡང་མི་དེ་ནི་ཀ་ལེབ་ཀྱི་བརྒྱུད་པ་ཡིན་ནོ། ༤ ཡང་དཱ་བིད་བྱེ་ཐང་ན་གནས་པའི་ཚེ། ནཱ་བལ་གྱིས་རང་གི་ལུག་གི་བལ་འབྲེག་པའི་སྐད་ཆ་ཐོས་ནས། ༥ དཱ་བིད་ཀྱིས་གཞོན་ནུ་བཅུ་བཏང་སྟེ། གཞོན་ནུ་རྣམས་ལ། ཁྱོད་ཅག་ཀར་མེལ་དུ་ནཱ་བལ་གྱི་མདུན་དུ་སོང་སྟེ། ཁོ་ལ་ངའི་མིང་བརྗོད་དེ་ཁོ་ཕྱག་བྱོས་ཤིག ༦ ཡང་ལོངས་སྤྱོད་ནང་གནས་པའི་མི་དེ་ལ་ཁྱོད་ཅག་གིས། བཀྲ་ཤིས་ཤིག ཁྱེད་དང་། ཁྱེད་ཀྱི་ཁང་པ་དང་། ཁྱེད་ལ་ཅི་ཡོད་པ་ཐམས་ཅད་ལ་ཞི་བདེ་འབྱུང་བར་ཤོག་ཅིག ༧ ད་ལྟ་ཁྱེད་ཀྱི་བལ་འབྲེག་པའི་སྐད་ཆ་ངས་ཐོས་སོ། ཁྱེད་ཀྱི་ལུག་རྫི་རྣམས་ང་ཚོ་དང་བཅས་སུ་འདུག་པའི་ཚེ། ང་ཚོས་དེ་དག་ལ་གནོད་པ་མ་སྐྱེལ་བར། དེ་དག་ཀར་མེལ་དུ་འདུག་པའི་ཚེ། དེ་དག་ལ་ཅིའང་མ་སྟོར་བ་ཡིན། ༨ ཁྱེད་ཀྱིས་རང་གི་གཞོན་ནུ་རྣམས་ལ་འདྲིས་ཤིག་དང་། དེ་དག་གིས་དེ་བཞིན་དུ་འཆད་པར་བྱའོ། དེའི་ཕྱིར་ངའི་གཞོན་ནུ་རྣམས་ལ་ཁྱེད་ཀྱི་སྤྱན་དྲུང་དུ་ཐུགས་རྗེ་རྙེད་པར་གནང་སྟེ། ང་ཚོ་ཞག་བཟང་ཞིག་ལ་བསླེབ་པས། ཁྱེད་ཀྱི་ལག་ཐོག་ཏུ་གང་སླེབ་ན། དེ་ནི་ཁྱེད་ཀྱི་བྲན་པོ་རྣམས་དང་ཁྱེད་ཀྱི་བུ་དཱ་བིད་ལ་གནོང་ཞིག་ཅེས་སྨྲོས་ཤིག་ཅེས་སྨྲས་སོ༎
༩ ཡང་དཱ་བིད་ཀྱི་མི་རྣམས་དེར་བསླེབ་པའི་ཚེ། དེ་དག་གིས་གཏམ་དེ་བཞིན་དུ་དཱ་བིད་ཀྱི་མིང་གི་བརྗོད་དེ་ནཱ་བལ་ལ་བཤད་པས། ཁ་རོག་ཅིང་བསྡད་དོ། ༡༠ དེར་ནཱ་བལ་གྱིས་དཱ་བིད་ཀྱི་གཡོག་པོ་རྣམས་ལ། དཱ་བིད་སུ་ཡིན། ཨི་ཤཱའི་བུ་སུ་ཡིན། དེང་སང་རང་གི་དཔོན་པོ་ནས་ཤོར་བའི་གཡོག་པོའི་གྲངས་འཕེལ་གྱིན་འདུག ༡༡ ཡང་ངས་རང་གི་བག་ལེབ་དང་། ཆུ་དང་། བལ་འབྲེག་མཁན་གྱི་ཕྱིར་བསད་པའི་ཤ་ལེན་ཏེ། གང་ནས་ཡིན་རྒྱུས་མེད་པའི་མི་རྣམས་ལ་གཏོང་བར་བྱའམ་ཞེས་སྨྲས་པ་དང་། ༡༢ དཱ་བིད་ཀྱི་མི་གཞོན་ནུ་རྣམས་ལོག་སྟེ། རང་གི་ལམ་དུ་ཞུགས་ཏེ་བསླེབས་ནས། ཁོང་ལ་གཏམ་དེ་ཐམས་ཅད་བཤད་དོ། ༡༣ དེར་དཱ་བིད་ཀྱིས་རང་གི་མི་རྣམས་ལ། ད་མི་རེ་རེས་རང་གི་རལ་གྲི་དཀྲི་བར་བྱོས་ཤིག་སྨྲས་པས། དེ་རྣམས་ཀྱིས་མི་རེ་རེས་རང་གི་རལ་གྲི་དང་། དཱ་བིད་ཀྱིས་ཉིད་ཀྱི་རལ་གྲི་བཏགས་སོ། དཱ་བིད་ཀྱི་རྗེས་སུ་མི་བཞི་བརྒྱ་འབྲངས་པ་དང་། མི་ཉིས་བརྒྱ་དམག་ཆས་ཀྱི་རྩར་གནས་སོ༎
༡༤ དེར་ནཱ་བལ་གྱི་གཞོན་ནུ་རྣམས་ཀྱི་ནང་ནས་གཅིག་གིས་ནཱ་བལ་གྱི་ཆུང་མ་ཨ་བི་ཀཱ་ཨིལ་ལ། གཟིགས་ཤིག དཱ་བིད་ཀྱིས་བྱེ་ཐང་ནས་ཕོ་ཉ་འགའ་ཞིག་ངེད་ཀྱི་དཔོན་པོའི་དྲུང་དུ་བཀྲ་ཤིས་བརྗོད་དུ་བཏང་གི། ཁོས་དེ་དག་ལ་སྐུར་པ་བཏབ་བོ། ༡༥ མི་དེ་རྣམས་ངེད་ཀྱི་དོན་དུ་བཟང་པོ་ལགས་ཏེ། ང་ཚོ་ཐང་སྟོང་ན་དེ་དག་དང་མཉམ་དུ་འདུག་པའི་ཚེ། ང་ཚོ་ལ་གནོད་པ་གང་ཡང་མ་བྱུང་། ཡང་ང་ཚོ་ནས་གང་ཡང་མ་སྟོར། ༡༦ ང་ཚོ་ལུག་ཁྱུ་སྲུང་གིན་དེ་དག་དང་མཉམ་དུ་འདུག་པའི་ཚེ། དེ་དག་མཚན་ཉིན་མེད་པར་ང་ཚོ་ལ་སྲུང་བའི་རྩིག་པ་ལྟ་བུ་ལགས་སོ། ༡༧ ད་ལྟ་ཁྱེད་ཀྱིས་ཅི་བྱ་བར་འགྱུར་དེའི་ཕྱིར་བསམ་མནོ་བཏང་ནས་རྟོགས་ཤིག ངེད་ཀྱི་དཔོན་པོ་དང་དེའི་ཁང་པ་ཐམས་ཅད་ལ་སྡུག་བསྔལ་འབབ་པར་ཐག་བཅད་པ་ཡིན། ཁོ་མི་ངན་པ་ཡིན་ཏེ། མི་སུས་ཀྱང་ཁོ་ལ་གཏམ་བྱེད་པར་མི་ནུས་སོ་ཞེས་ཞུས་པས།
༡༨ ཨ་བི་ཀཱ་ཨིལ་གྱིས་མྱུར་དུ་བག་ལེབ་ཉིས་བརྒྱ་དང་། རྒུན་ཆང་གི་རྐྱལ་པ་གཉིས་དང་། བཤམས་པའི་ལུག་ལྔ་དང་། ཡོས་ཀྱི་བྲེ་ལྔ་དང་། རྒུན་འབྲུམ་གྱི་བག་ལེབ་བརྒྱ་དང་། སེ་ཡབ་ཀྱི་བག་ལེབ་ཉིས་བརྒྱ་དེ་ཐམས་ཅད་ཁྱེར་ཏེ། བོང་བུའི་ཁར་བཀལ་ཏོ། ༡༩ དེ་ནས་གཞོན་ནུ་རྣམས་ལ། ཁྱོད་ཅག་མདུན་ལ་སོང་ཞིག་དང་། ང་ཁྱོད་ཅག་གི་རྗེས་སུ་འོང་བར་འགྱུར་ཞེས་སྨྲས་ཀྱང་། རང་གི་ཁྱོ་ནཱ་བལ་ལ་ཅིའང་མ་བཤད་དོ། ༢༠ ཡང་འདི་ལྟར་བྱུང་། མོ་བོང་བུའི་ཁར་ཞོན་ཏེ། རིའི་མུན་པའི་ཕྱོགས་སུ་བབ་པའི་ཚེ་ན། ཀྱེ་ཧོ། དཱ་བིད་དང་དེའི་མི་རྣམས་ཀྱང་དེར་མར་སོང་སྟེ། མོའི་ཕྱོགས་སུ་འོངས་པས། མོ་དེ་དག་དང་ཕྲད་དོ། ༢༡ ཡང་དཱ་བིད་ཀྱིས་སྔར་འདི་ལྟར། ངས་ངེས་པར་མི་འདིའི་ནོར་ཐམས་ཅད་དོན་མེད་དུ་བྱེ་ཐང་ན་བསྲུངས་པ་ཡིན། མི་འདིའི་ནོར་ནས་ཅིའང་མ་སྟོར་ན་ཡང་། ཁོས་ལས་བཟང་དེའི་ལན་ལ་ངན་པ་བྱས་སོ། ༢༢ སང་ཉིན་སྐྱ་འོད་ཀྱི་བར་དུ་ཁོ་ལ་གཏོགས་པ་ཚང་མའི་ནང་ནས་བུ་ཆུང་གཅིག་ཀྱང་ལུས་བཅུག་ན། དཀོན་མཆོག་གིས་དཱ་བིད་ཀྱི་དགྲ་བོ་རྣམས་ལ་འདིའམ་འདི་ལས་ལྷག་པར་མཛོད་ཅིག་ཅེས་སྨྲས་སོ༎
༢༣ དེ་རུ་མོ་ཡིས་དཱ་བིད་མཐོང་སྟེ། མྱུར་དུ་བོང་བུའི་ཁ་ནས་བབས་ནས། དཱ་བིད་ཀྱི་དྲུང་དུ་རང་གི་གདོང་ས་ལ་བརྡབས་ཏེ། ཕྱག་བཙལ་ནས། ༢༤ དཱ་བིད་ཀྱི་རྐང་པ་ལ་འཐམས་ཤིང་། འདི་སྐད་དུ། བདག་གི་ཐོག་ཏུ། ཀྱེ་བདག་གི་ཇོ་བོ། སྐྱོན་དེ་ནི་བདག་གི་ཐོག་ཏུ་བབས་ཤིག ཡང་ཁྱེད་ཀྱི་རྣ་བའི་དྲུང་དུ་བདག་ཁྱེད་ཀྱི་གཡོག་མོ་ལ་གཏམ་བྱེད་པར་གནོང་ཞིག ཁྱེད་ཀྱིས་ཀྱང་ཉིད་ཀྱི་བྲན་མོའི་གཏམ་ལ་གསན་ཅིག ༢༥ ཀྱེ་བདག་གི་ཇོ་བོ། མི་ངན་པ་ནཱ་བལ་དེའི་དོན་དུ་བསམ་མནོ་མ་གནང་ཞིག ཁོའི་མིང་ལྟར་མི་དེ་རང་ཡིན། ནཱ་བལ་༼བོད་སྐད་དུ་བླུན་པོ་༽ཟེར། མི་དེའི་ནང་ན་བློ་གྲོས་མེད་པའི་ཕྱིར་རོ། དེ་ལྟར་བྱུང་ཡང་། ཁྱེད་ཀྱི་བྲན་མོ་བདག་གིས་ནི་ཁྱེད་ཀྱིས་མངགས་པའི་གཞོན་ནུ་རྣམས་མཐོང་བ་མ་ཡིན། ༢༦ ད་ལྟ་བདག་གི་ཇོ་བོ། ཡ་ཧོ་ཝཱ་དང་ཁྱེད་ཀྱི་སེམས་ཉིད་གསོན་པོ་ལགས་པར་ངེས་པ་ལྟར། ཡ་ཧོ་ཝཱས་ཁྱེད་ནི་ཁྲག་བླུག་པ་དང་། རང་གི་ལག་པས་ངན་ལན་གཏོང་བ་ནས་སྲུང་བར་མཛད་དོ། ད་ལྟ་ཁྱེད་ཀྱི་དགྲ་བོ་དང་། བདག་གི་ཇོ་བོ་ལ་གནོད་པ་བསྐྱལ་བའི་མི་རྣམས་ནཱ་བལ་དང་འདྲ་བར་གྱུར་ཅིག ༢༧ ད་ལྟ་ཁྱེད་ཀྱི་བྲན་མོས་རང་གི་ཇོ་བོའི་ཕྱིར་འདིར་ཁྲིད་པའི་ཞུ་རྟེན་འདི་ནི་བདག་གི་ཇོ་བོའི་རྗེས་སུ་འབྲང་བའི་གཞོན་ནུ་རྣམས་ལ་གནང་བར་མཛོད་ཅིག ༢༨ ཁྱེད་ཀྱི་བྲན་མོས་བྱས་པའི་ཉེས་སྡིག་ཐམས་ཅད་སེལ་བར་མཛོད་ཅིག ཀྱེ་བདག་གི་ཇོ་བོ། ཁྱེད་ནི་ཡ་ཧོ་ཝཱའི་དམག་འཐབ་ཏུ་འགྲོ་བས། ཡ་ཧོ་ཝཱས་ཁྱེད་ཀྱི་བརྒྱུད་བརྟན་པོར་འཛུག་པར་གནང་སྟེ། ཁྱེད་ཀྱི་ཚེའི་དུས་ཀྱི་བར་དུ་སྡུག་བསྔལ་ནམ་ཡང་ཁྱེད་ལ་འབྱུང་བར་མི་འགྱུར་རོ། ༢༩ ད་ལྟ་ཁྱེད་ལ་འདེད་མཁན་དང་། ཁྱེད་ཀྱི་སྲོག་འཚོལ་བའི་ཕྱིར་མི་ཞིག་འབྱུང་ན་ཡང་། བདག་གི་ཇོ་བོའི་སེམས་ཉིད་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་དང་མཉམ་དུ་ཚེའི་འཐུམས་ཀྱི་ནང་དུ་བསྡམས་པར་མཛད་པའི་ཐབས་ཀྱིས། ༣༠ ཁྱེད་ཀྱི་དགྲ་བོ་རྣམས་ཀྱི་སེམས་ནི་དབྱུག་རྡོ་ནས་འཕངས་པའི་རྡོ་ལྟར་དབྱུག་པར་འགྱུར་རོ། ཡང་ཡ་ཧོ་ཝཱས་བདག་གི་ཇོ་བོ་ལ་བསྟན་པའི་ལུང་བསྟན་བཟང་པོ་ཐམས་ཅད་བསྒྲུབ་པར་གནང་བ་དང་། ཁྱེད་ནི་ཨིས་ར་ཨེལ་གྱི་རྒྱལ་པོར་སྐོ་བའི་ཚེ་ན་འདི་ལྟར་འབྱུང་བར་འགྱུར་རོ། ༣༡ ཁྱེད་ཀྱིས་སྐྱོན་མེད་པའི་ཁྲག་བླུག་པ་དང་། རང་གིས་ལན་བླང་བའི་སྡིག་པ་ནི་བདག་གི་ཇོ་བོའི་སེམས་ཀྱི་ནང་དུ་སྐྱོན་ལྟ་བུར་འབྱུང་བར་མི་འགྱུར་རོ། རྗེས་སུ་ཡ་ཧོ་ཝཱས་ཁྱེད་ལ་བྱིན་རླབས་གནང་བའི་ཚེ། ཁྱེད་ཀྱིས་ཉིད་ཀྱི་བྲན་མོ་དྲན་པར་མཛོད་ཅིག་ཅེས་ཞུས་པས།
༣༢ དཱ་བིད་ཀྱིས་ཨ་བི་ཀཱ་ཨིལ་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ཁྱེད་ངའི་ལམ་དུ་འཁྲིད་མཁན་དེ་ལ་བཀྲ་ཤིས་ཤིག ༣༣ ཡང་དེ་རིང་གི་ཉིན་པར་ཁྱེད་ཀྱིས་ང་ནི་ཁྲག་བླུག་པ་དང་། རང་གི་ལག་པས་ལན་བླང་བ་ནས་བསྲུངས་པས། ཁྱོད་ཀྱི་བློ་གྲོས་ལ་བཀྲ་ཤིས་ཤིག ཁྱོད་ཀྱང་བཀྲ་ཤིས་ཤིག ༣༤ ཡ་ཧོ་ཝཱས་ང་ནི་ཁྱེད་ལ་ངན་པ་བྱེད་པ་ནས་སྲུངས་སོ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ནི་གསོན་པོ་ལགས་པར་ངེས་པ་ལྟར། ཁྱེད་རྒྱུག་སྟེ། ང་དང་འཕྲད་དུ་མ་འོངས་པ་ཡིན་ན། སྔ་དྲོའི་སྐྱ་འོད་ཀྱི་བར་དུ་ནཱ་བལ་གྱི་ནོར་ནས་བུ་ཆུང་བ་གཅིག་ཀྱང་མ་ལུས་པ་ཡིན་ཞེས་སྨྲས་ནས། ༣༥ དཱ་བིད་ཀྱིས་མོའི་ལག་པ་ནས་དེར་ཁུར་བའི་ནོར་ཐམས་ཅད་བླངས་ནས་དེ་ལ། ཁྱེད་ནི་རང་གི་ཁང་པ་རུ་ཞི་བདེ་བར་སོང་ཞིག་དང་། ཀྱེ་ཧོ། ངས་ཁྱོད་ཀྱི་གཏམ་ལ་ཉན་ཏེ། ཁྱོད་འདིར་འོངས་པས་དགའོ་ཞེས་སྨྲས་སོ༎
༣༦ ཨ་བི་ཀཱ་ཨིལ་་ནཱ་བལ་གྱི་དྲུང་དུ་ལོག་སྟེ་འོང་བའི་ཚེ། རྒྱལ་པོའི་དགའ་སྟོན་དང་འདྲ་བར། ཁོས་རང་གི་ཁང་པ་ལ་དགའ་སྟོན་ཞིག་བྱས་སོ། ནཱ་བལ་ནི་དྲག་ཏུ་ར་བཟི་བས། སྙིང་དགའ་བར་གྱུར་ཏོ། སྔ་དྲོའི་སྐྱ་འོད་ཀྱི་བར་དུ་ཨ་བི་ཀཱ་ཨིལ་གྱིས་ཁོ་ལ་གཏམ་མང་ཉུང་ཅིའང་མ་སྨྲས་སོ། ༣༧ དེ་ནས་སྔ་དྲོའི་དུས་སུ་ནཱ་བལ་ར་ཞི་བར་གྱུར་པ་དང་། ཁོའི་ཆུང་མས་སྐད་ཆ་ཐམས་ཅད་བཤད་པས། ཁོའི་ལུས་ནང་སྙིང་ནི་ཤི་བ་ལྟ་བུ་དང་། ཁོའི་ལུས་ནི་རྡོ་ལྟར་གྱུར་ཏོ། ༣༨ དེ་ནས་ཞག་བཅུ་ཙམ་ཞིག་སོང་བ་དང་། ཡ་ཧོ་ཝཱས་ནཱ་བལ་ལ་བརྡུངས་པས་ཤིའོ༎
༣༩ དཱ་བིད་ཀྱིས་ནཱ་བལ་ཤི་ཟིན་ནོ་ཞེས་པའི་ཕྲིན་ཐོས་ནས། འདི་སྐད་དུ། ཡ་ཧོ་ཝཱ་བཀྲ་ཤིས་པར་གྱུར་ཅིག ནཱ་བལ་གྱི་ལག་ནས་ང་ལ་གནོད་པ་བྱུང་བའི་ཚེ། ཡ་ཧོ་ཝཱས་ངའི་དོན་དུ་ཁྲིམས་བཅད་པ་དང་། ཁོང་ཉིད་ཀྱི་གཡོག་པོ་བདག་ནི་སྡིག་པ་བྱེད་པ་ནས་སྲུང་བར་མཛད་དོ། ནཱ་བལ་གྱིས་གནོད་པ་བསྐྱེལ་བ་དེ་ནི་ཡ་ཧོ་ཝཱས་ཁོའི་མགོ་ལ་བཟློག་པར་མཛད་དོ་ཞེས་སྨྲས་ནས། དཱ་བིད་ཀྱིས་ཨ་བི་ཀཱ་ཨིལ་རང་གི་ཆུང་མར་འགྱུར་བའི་ཕྱིར་དེ་དང་གཏམ་བྱེད་དུ་མི་བཏང་ངོ་། ༤༠ དཱ་བིད་ཀྱི་གཡོག་པོ་རྣམས་ཀར་མེལ་དུ་ཨ་བི་ཀཱ་ཨིལ་གྱི་མདུན་དུ་བསླེབས་ནས་དེ་དག་གིས། ཁྱེད་དཱ་བིད་ཀྱི་ཆུང་མར་འགྱུར་བའི་ཕྱིར། ཁོང་གིས་བདག་ཅག་ཁྱེད་ཀྱི་མདུན་དུ་བཏང་ངོ་ཞེས་ཟེར་བ་དང་། ༤༡ ཨ་བི་ཀཱ་ཨིལ་ལངས་ནས། ཁ་འབུབ་ཏུ་ཕྱག་བཙལ་ནས། དེ་དག་ལ། ཀྱེ་ཧོ། ཁྱེད་ཀྱི་བྲན་མོ་ནི་བདག་གི་ཇོ་བོའི་གཡོག་པོ་རྣམས་ཀྱི་རྐང་པ་འཁྲུད་པའི་གཡོག་མོ་ཞིག་ཡིན་སྨྲས་སོ། ༤༢ ཡང་ཨ་བི་ཀཱ་ཨིལ་མྱུར་དུ་ལངས་ནས། བོང་བུ་ལ་ཞོན་ཏེ། རང་གི་ན་ཆུང་ལྔ་དང་བཅས་ཏེ། དཱ་བིད་ཀྱི་ཕོ་ཉའི་རྗེས་སུ་སོང་ནས། དཱ་བིད་ཀྱི་ཆུང་མར་གྱུར་ཏོ༎