༢༠
དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་འཐོན་ཏེ། མི་ཚོགས་ཐམས་ཅད་དཱན་ནས་བེ་ཨེར་ཤེ་བཱ་ཡི་བར་དུ། གིལ་ཨད་ཀྱི་ཡུལ་དང་བཅས་པ་མི་གཅིག་དང་འདྲ་བར་མཉམ་དུ་མིས་པཱ་རུ་ཡ་ཧོ་ཝཱའི་དྲུང་དུ་འཛོམ་མོ།  ཡང་མི་བརྒྱུད་ཐམས་ཅད་དམ་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ཀྱི་དཔོན་པོ་རྣམས་འཛོམ་མོ། དཀོན་མཆོག་གི་མི་བརྒྱུད་ཀྱི་འཛོམ་ས་དེར་རྐང་དམག་རལ་གྲི་ཐོགས་མཁན་འབུམ་བཞི།  དེ་ནས་བེན་ཡ་མིན་གྱི་བུ་རྣམས་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་མིས་པཱ་རུ་སོང་བར་ཐོས་སོ། དེར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས། བྱ་བ་ངན་པ་དེ་ཅི་ལྟར་བྱུང་ཤོད་ཅིག་ཅེས་འདྲིས་པས།  ལེ་ཝི་པ་བུད་མེད་ཤི་མཁན་དེའི་ཁྱོ་ཡིས་དེ་དག་ལ། ང་དང་ངའི་ལྐོག་གི་ཆུང་མ་མཚན་དུ་སྡོད་པའི་ཕྱིར། ང་གཉིས་བེན་ཡ་མིན་གྱི་གི་བེ་ཨ་རུ་འོང་སྟེ།  གི་བེ་ཨ་པ་རྣམས་ཀྱིས་ང་ལ་སྡང་བར་བྱས་ཏེ། མཚན་མོར་ངའི་དོན་དུ་ཁང་པ་ལ་བསྐོར་ཏེ། ང་གསོད་པར་བསམས་སོ། ཡང་དེ་དག་གིས་ངའི་ལྐོག་གི་ཆུང་མ་ལ་མི་འོས་པ་བྱས་པས་ཤིའོ།  དེ་ནས་ངས་རང་གི་ལྐོག་གི་ཆུང་མ་བླངས་ནས། དུམ་བུར་བཅད་ཅིང་། ཨིས་ར་ཨེལ་གྱི་ནོར་སྐལ་གྱི་ཡུལ་ཐམས་ཅད་དུ་བཏང་བ་ཡིན། ཅི་ལ་ཞེ་ན། དེ་དག་གིས་ཨིས་ར་ཨེལ་གྱི་ཁྲོད་དུ་མི་འོས་པ་དང་བླུན་པོའི་ལས་ཤིག་བྱས་སོ།  ཀྱེ་ཨིས་ར་ཨེལ་གྱི་བུ་འདིར་འཛོམ་པ་ཁྱོད་ཐམས་ཅད། ད་འདིར་གྲོས་བྱེད་ཅིང་གཏམ་ཟེར་ཞིག་སྨྲས་པས།
 མི་ཐམས་ཅད་མི་གཅིག་ལྟར་ལངས་ཤིང་འདི་སྐད་དུ། ངེད་རྣམས་ལས་སུའང་རང་གི་གུར་དུ་མ་འགྲོ། ངེད་རྣམས་ལས་སུའང་རང་གི་ཁང་པར་མ་ལོག་ཅིག  ད་ངེད་ཀྱིས་གི་བེ་ཨ་ལ་འདི་ལྟར་བྱ། ངེད་རྣམས་ཀྱིས་རྟགས་རིལ་བརྒྱབ་ནས། དེ་ལ་དམག་རྒྱབ་པར་བྱ། ༡༠ ཡང་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ནས་ངེད་རྣམས་ཀྱིས་མི་བརྒྱའི་ནང་ནས་བཅུ་དང་། མི་སྟོང་གི་ནང་ནས་བརྒྱ་དང་། མི་ཁྲིའི་ནང་ནས་སྟོང་ཕྱེ་སྟེ། དེ་དག་གིས་མི་བརྒྱུད་ཀྱི་དོན་དུ་རྒྱགས་འདྲེན་པར་བྱ། མི་རྣམས་ནི་བེན་ཡ་མིན་གྱི་གི་བེ་ཨ་རུ་འོང་བའི་ཚེ། ཨིས་ར་ཨེལ་གྱི་ཁྲོད་དུ་དེ་དག་གིས་བྱས་པའི་བླུན་པོའི་ལས་བཞིན་དུ་དེ་དག་ལ་བྱའོ་ཞེས་སྨྲས་སོ། ༡༡ དེ་ནས་ཨིས་ར་ཨེལ་པ་ཐམས་ཅད་མི་གཅིག་ལྟར་མཉམ་དུ་འཛོམ་སྟེ། གྲོང་ཁྱེར་དེའི་ཕྱོགས་སུ་དམག་དྲངས་སོ༎
༡༢ ཨིས་ར་ཨེལ་གྱི་སྡེ་རྣམས་ཀྱིས་བེན་ཡ་མིན་གྱི་སྡེ་ཐམས་ཅད་དུ་མི་བཏང་ནས་དེ་དག་ལ། ཁྱོད་རྣམས་ཀྱི་ཁྲོད་དུ་བྱུང་བའི་ལས་ངན་པ་དེ་ཅི་ཡིན། ༡༣ ད་དེ་བས་ན་གི་བེ་ཨ་རུ་གནས་པའི་མི་ངན་པ་དེ་དག་ངེད་རྣམས་ལ་ཐོང་། ངེད་རྣམས་ཀྱིས་དེ་དག་བསད་ནས། ཨིས་ར་ཨེལ་གྱི་ནང་ནས་ངན་པ་དེ་འདོན་པར་བྱ་ཞེས་བསྐུལ་ཏོ། འོན་ཀྱང་བེན་ཡ་མིན་གྱི་བུ་རྣམས་ཀྱིས་རང་གི་སྤུན་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་གཏམ་ལ་མ་ཉན་ཏོ། ༡༤ དེར་བེན་ཡ་མིན་གྱི་བུ་རྣམས་ཨིས་ར་ཨེལ་གྱི་བུ་རྣམས་ལ་དམག་རྒྱབ་པའི་ཕྱིར། གྲོང་ཁྱེར་ཐམས་ཅད་ཀྱི་ནང་ནས་འཐོན་ཏེ། གི་བེ་ཨ་རུ་འདུས་སོ། ༡༥ དེའི་ཉིན་པར་གི་བེ་ཨ་རུ་གནས་པ་དང་འདམས་པའི་མི་བདུན་བརྒྱ་མ་གཏོགས་པར། གྲོང་ཁྱེར་རྣམས་ནས་འཛོམ་པའི་བེན་ཡ་མིན་གྱི་བུ་རྣམས་ཀྱི་གྲངས་ནི་རལ་གྲི་ཐོགས་མཁན་མི་སྟོང་ཉེར་དྲུག་བྱུང་ངོ་། ༡༦ མི་དེ་དག་གི་ནང་ནས་འདམས་པའི་མི་བདུན་བརྒྱ་ནི་ལག་གཡོན་ཡིན་ཏེ། རེ་རེས་མ་འཕྱུགས་པར་སྐྲ་ཉག་གཅིག་ལ་འུར་རྡོ་རྒྱབ་ཐུབ་པ་ཡོད་པ་ཡིན། ༡༧ བེན་ཡ་མིན་མ་གཏོགས་པར། ཨིས་ར་ཨེལ་གྱི་མི་རལ་གྲི་ཐོགས་མཁན་འབུམ་བཞི་བྱུང་སྟེ། དེ་ཐམས་ཅད་ནི་དམག་མི་ཡོད་པ་ཡིན།
༡༨ དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ལངས་ཏེ། ཡར་བེད་ཨེལ་དུ་སོང་སྟེ། དཀོན་མཆོག་ནས་གསུང་བརྟགས་ཞུས་ཤིང་ཁོང་ལ། བདག་ཅག་ལས་དང་པོར་བེན་ཡ་མིན་གྱི་བུ་རྣམས་ལ་དམག་རྒྱབ་ཏུ་སུ་འགྲོ་བར་རུང་ཞེས་ཞུས་པས། ཡ་ཧོ་ཝཱས་ལན་དུ། དང་པོར་ཡ་ཧུ་དཱ་འགྲོ་བར་རུང་ཞེས་གསུངས་པས།
༡༩ ཨིས་ར་ཨེལ་གྱི་བུ་རྣམས་སྔ་དྲོ་ལངས་ཏེ། གི་བེ་ཨའི་ཐད་དུ་དམག་སྒར་བརྒྱབས་སོ། ༢༠ ཡང་ཨིས་ར་ཨེལ་པ་རྣམས་བེན་ཡ་མིན་ལ་དམག་རྒྱབ་ཏུ་ཕྱིར་འཐོན་ཏེ། ཨིས་ར་ཨེལ་པ་རྣམས་ཀྱིས་གི་བེ་ཨ་ཡི་ཕྱོགས་སུ་དེ་དག་གི་ཐད་དུ་དམག་གྲལ་བསྒྲིགས་སོ། ༢༡ དེ་ནས་བེན་ཡ་མིན་གྱི་བུ་རྣམས་ནི་གི་བེ་ཨ་ནས་འཐོན་ཏེ། ཉིན་དེ་ལ་ཨིས་ར་ཨེལ་པ་སྟོང་ཕྲག་ཉེར་གཉིས་ས་ལ་བརྡབས་སོ། ༢༢ ཡང་མི་ཚོགས་སམ་ཨིས་ར་ཨེལ་གྱི་མི་རྣམས་ཀྱིས་སྤོབས་པ་སྐྱེད་ཅིང་། ཞག་སྔོན་མ་དམག་གྲལ་བསྒྲིགས་པའི་སར་ཡང་དམག་གྲལ་བསྒྲིགས་སོ། ༢༣ ཨིས་ར་ཨེལ་གྱི་བུ་རྣམས་ཡར་སོང་སྟེ། དགོངས་མོའི་བར་དུ་ཡ་ཧོ་ཝཱའི་དྲུང་དུ་ངུ་ཞིང་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུས་ཏེ་འདི་སྐད་དུ། བདག་ཅག་ནི་རང་གི་སྤུན་བེན་ཡ་མིན་གྱི་བུ་རྣམས་ལ་ཡང་སྐྱར་དམག་རྒྱབ་ཏུ་འགྲོ་བར་རུང་ངམ་ཞུས་པས། ཡ་ཧོ་ཝཱས། ཡར་འགྲོ་བར་རུང་ངོ་ཞེས་གསུངས་སོ༎
༢༤ ཞག་གཉིས་པ་རུ་ཨིས་ར་ཨེལ་གྱི་བུ་རྣམས་ནི་བེན་ཡ་མིན་གྱི་བུ་རྣམས་ཀྱི་ཕྱོགས་སུ་ཉེ་བར་ཕྱིན་ཏེ། ༢༥ ཞག་གཉིས་པའི་ཉིན་ལ་བེན་ཡ་མིན་པ་རྣམས་གི་བེ་ཨ་ནས་འཐོན་ཏེ། ཨིས་ར་ཨེལ་གྱི་བུ་རྣམས་ནས་རལ་གྲི་ཐོགས་མཁན་མི་སྟོང་བཅོ་བརྒྱད་ས་ལ་མེད་པར་བྱས་སོ། ༢༦ དེ་ནས་ཨིས་ར་ཨེལ་གྱི་བུ་ཐམས་ཅད་དང་མི་ཚོགས་ཚང་མ་ལངས་ཏེ། བེད་ཨེལ་དུ་ཡར་སོང་ནས། ངུ་ཞིང་ཡ་ཧོ་ཝཱའི་དྲུང་དུ་དེར་བསྡད་པ་དང་། ཉིན་དེ་ལ་དགོངས་མོའི་བར་དུ་སྨྱུང་གནས་བསྲུངས་སོ། དེ་ནས་ཡ་ཧོ་ཝཱའི་དྲུང་དུ་སྦྱིན་སྲེག་གི་མཆོད་པ་དང་ཞི་བདེ་ཡི་མཆོད་པ་རྣམས་ཕུལ་ཏོ། ༢༧ དེའི་དུས་སུ་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་ནི་དེར་ཡོད་པས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུས་སོ། ༢༨ དེའི་དུས་སུ་ཨེལ་ཨ་ཟར་གྱི་བུ་ཕི་ནེ་ཧསཨ་རོན་གྱི་ཚ་བོ་ཡིན་པ་དེ་ཁོང་གི་དྲུང་དུ་བསྡད་དོ། དེ་དག་གིས་ཡ་ཧོ་ཝཱ་ལ། བདག་ནི་རང་གི་སྤུན་བེན་ཡ་མིན་གྱི་བུ་རྣམས་ལ་ད་དུང་ཡང་དམག་རྒྱབ་ཏུ་འགྲོ་བར་རུང་ངམ་མི་རུང་ཞེས་ཞུས་པས། ཡ་ཧོ་ཝཱས་ནི། སོང་ཞིག སང་ཉིན་ངས་དེ་དག་ཁྱོད་ཀྱི་ལག་ཏུ་གཏད་ཅེས་གསུངས་སོ༎
༢༩ དེར་ཨིས་ར་ཨེལ་གྱིས་གི་བེ་ཨའི་མཐའ་སྐོར་ཏེ། སོ་པ་བཏང་ནས། ༣༠ ཞག་གསུམ་པར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བེན་ཡ་མིན་གྱི་བུ་རྣམས་ལ་འཐབ་འཛིང་བྱས་ནས། གི་བེ་ཨའི་ཐད་དུ་སྔར་བཞིན་དུ་དམག་གྲལ་བསྒྲིགས་སོ། ༣༡ ཡང་བེན་ཡ་མིན་གྱི་བུ་རྣམས་མི་ཚོགས་ལ་འཐབ་འཛིང་བྱེད་དུ་འཐོན་ཏེ། གྲོང་ཁྱེར་ནས་ཐག་རིང་དུ་སོང་སྟེ། སྔོན་མ་ལྟར་དེ་དག་གིས་མི་ཚོགས་ཀྱི་ནང་ནས་མི་འགའ་ཞིག་ལམ་སྲང་ན་རྡུང་སྟེ་བསད་དོ། ལམ་སྲང་གཅིག་ནི་བེད་ཨེལ་གྱི་ཕྱོགས་དང་གཞན་དེ་ཐང་རྒྱུད་དེ་གི་བེ་ཨ་ཡི་ཕྱོགས་སུ་འགྲོ་ས་ཡོད་པ་ཡིན། དེ་རུ་དེ་དག་གིས་ཨིས་ར་ཨེལ་ནས་མི་སུམ་ཅུ་ཙམ་བསད་དོ། ༣༢ བེན་ཡ་མིན་གྱི་བུ་རྣམས་ཀྱིས། ཁོ་རྣམས་སྔར་ལྟར་ངེད་ཀྱི་མདུན་དུ་འཕམ་པར་འགྱུར་བསམས་ཀྱང་། ཨིས་ར་ཨེལ་གྱི་བུ་རྣམས་ན་རེ། ངེད་བྲོས་ཏེ། དེ་དག་གྲོང་ཁྱེར་ནས་རྒྱ་ལམ་ལ་འཁྲིད་པར་རུང་ངོ་ཞེས་ཟེར་བས། ༣༣ ཨིས་ར་ཨེལ་གྱི་མི་ཐམས་ཅད་རང་རང་གི་སྡོད་ས་ནས་ལངས་ཏེ། བ་ཨཱལ་ཏ་མར་དུ་དམག་གྲལ་བསྒྲིགས་ཏེ། ཨིས་ར་ཨེལ་གྱི་སོ་པ་རྣམས་རང་རང་གི་སྡོད་ས་གི་བེ་ཨའི་ཐང་ནས་འཐོན་ནོ། ༣༤ ཡང་ཨིས་ར་ཨེལ་ཐམས་ཅད་ནས་འདམས་པའི་མི་སྟོང་བཅུ་གི་བེ་ཨའི་ཐད་དུ་འོངས་ཏེ། དམག་དྲག་པོར་གྱུར་ཏོ། འོན་ཀྱང་དེ་དག་གི་རྐྱེན་ངན་པ་ཉེ་བར་ཡོད་པ་མ་ཤེས་སོ། ༣༥ དེ་ལྟར་ཡ་ཧོ་ཝཱས་བེན་ཡ་མིན་དེ་ནི་ཨིས་ར་ཨེལ་གྱི་མདུན་དུ་འཕམ་པར་མཛད་དེ། ཉིན་དེ་ལ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བེན་ཡ་མིན་པ་སྟོང་ཕྲག་ཉེར་ལྔ་དང་ཆིག་བརྒྱ་བསད་དོ། དེ་ཐམས་ཅད་རལ་གྲི་ཐོགས་མཁན་གྱི་མི་ལགས་སོ༎
༣༦ དེ་རུ་བེན་ཡ་མིན་གྱི་བུ་རྣམས་ཀྱིས་རང་འཕམ་པར་གྱུར་བར་ཤེས་སོ། ཨིས་ར་ཨེལ་གྱི་མི་རྣམས་ཀྱིས་བེན་ཡ་མིན་པ་ལ་རང་གི་གནས་སུ་ཚུར་འོང་དུ་བཅུག་གོ། ཅི་ལ་ཞེ་ན། དེ་དག་གིས་གི་བེ་ཨ་རུ་བཞག་པའི་སོ་པ་རྣམས་ལ་བློ་བཏད་དོ། ༣༧ དེ་ནས་སོ་པ་རྣམས་ཀྱིས་མགྱོགས་ཤོར་བྱས་ཏེ། གི་བེ་ཨ་ལ་བརྒྱུགས་སོང་སྟེ། སོ་པ་རྣམས་ཡན་ནས་འོངས་ཏེ། གྲོང་ཁྱེར་ཚང་མ་རལ་གྲིས་མེད་པར་བྱས་སོ། ༣༨ ད་ཨིས་ར་ཨེལ་པ་དང་སོ་པ་གཉིས་ཀྱི་བར་ལ། གྲོང་ཁྱེར་ནས་མེ་ལྕེ་ཆེན་པོའི་དུད་པ་འཐོན་འཇུག་པའི་རྟགས་ཤིག་བྱས་ཡོད་པ་ཡིན། ༣༩ ཡང་ཨིས་ར་ཨེལ་པ་རྣམས་དམག་གི་ནང་དུ་ལོག་འགྲོ་བའི་ཚེ། བེན་ཡ་མིན་གྱིས་ཨིས་ར་ཨེལ་པ་ལ་རྡུང་དུ་ཕྱིན་ནས། མི་སུམ་ཅུ་ཙམ་བསད་དོ། ཅི་ལ་ཞེ་ན། དེ་དག་གིས། སྔོན་མའི་དམག་ལྟར་ཁོ་རྣམས་ངེད་ཀྱི་མདུན་དུ་ངེས་པར་ཕམ་མོ་ཞེས་བསམས་སོ། ༤༠ འོན་ཀྱང་མེ་ལྕེ་དེ་དུད་པའི་ཀ་བ་ལྟར་གྲོང་ཁྱེར་ནས་ལང་བའི་ཚེ། བེན་ཡ་མིན་པ་རྣམས་ཀྱིས་ཕྱི་མིག་བལྟས་པས། ཀྱེ་ཧོ། མེ་ལྕེ་དེ་གྲོང་ཁྱེར་ཐམས་ཅད་ནས་ནམ་མཁའི་བར་དུ་ལངས་སོ། ༤༡ ཡང་ཨིས་ར་ཨེལ་པ་རྣམས་ཚུར་འཁོར་བ་དང་། བེན་ཡ་མིན་པ་རྣམས་ཚབས་སོ། ཅིའི་ཕྱིར་ཞེ་ན། དེ་དག་གིས་རྐྱེན་ངན་ནི་དེ་དག་རང་གི་ཐོག་ཏུ་འབབ་པར་ཤེས་སོ། ༤༢ དེའི་ཕྱིར་དེ་དག་གིས་ཨིས་ར་ཨེལ་པ་རྣམས་ཀྱི་མདུན་ནས་ཕྱིར་ལོག་སྒྱུར་ཅིང་། འབྲོག་སྟོང་གི་ལམ་དུ་ཞུགས་ཀྱང་། དམག་གིས་དེ་དག་གི་རྗེས་སུ་དེད་དོ། ཡང་གྲོང་ཁྱེར་གྱི་ནང་ནས་འོངས་པ་རྣམས་ཀྱིས་དེ་དག་ནི་དེའི་དཀྱིལ་དུ་མེད་པར་བྱས། ༤༣ དེ་དག་གིས་བེན་ཡ་མིན་པ་རྣམས་ལ་བསྐོར་ཏེ། དེད་དེ། ཤར་ཕྱོགས་ཀྱི་གི་བེ་ཨའི་ཐད་དུ་ཡོད་པའི་ས་ཆ་རྣམས་སུ་བརྫིས་སོ། ༤༤ དེ་རུ་བེན་ཡ་མིན་གྱི་ནང་ནས་མི་སྟོང་བཅོ་བརྒྱད་ཤིའོ། དེ་ཐམས་ཅད་ནི་མི་རྩལ་ཅན་ཡོད་པ་ཡིན། ༤༥ ཡང་དེ་དག་ཕྱིར་ལོག་བསྒྱུར་ནས། འབྲོག་སྟོང་གི་ཕྱོགས་སུ་རིམ་མོན་གྱི་བྲག་ཏུ་བྲོས་ཏེ། ཁོ་རྣམས་ཀྱིས་དེ་དག་ནས་ལམ་སྲང་རྣམས་སུ་མི་སྟོང་ལྔ་ཕྱེས་ཤིང་། གི་དོམ་གྱི་བར་དུ་དྲག་ཏུ་དེད་པས། དེ་དག་གི་ནང་ནས་མི་སྟོང་གཉིས་བསད་དོ། ༤༦ དེ་ལྟར་ཉིན་དེ་ལ་བེན་ཡ་མིན་པ་རལ་གྲི་ཐོགས་མཁན་ཤི་བའི་གྲངས་ནི་སྟོང་ཕྲག་ཉེར་ལྔ་ཡོད་པ་ཡིན། དེ་ཐམས་ཅད་མི་རྩལ་ཅན་ཡོད་པ་ཡིན། ༤༧ འོན་ཀྱང་མི་དྲུག་བརྒྱ་ཕྱིར་ལོག་བསྒྱུར་ཏེ། འབྲོག་སྟོང་གི་ཕྱོགས་སུ་རིམ་མོན་གྱི་བྲག་ཏུ་བྲོས་ཏེ། རིམ་མོན་གྱི་བྲག་གི་ཁྲོད་དུ་ཟླ་བ་བཞིའི་བར་དུ་བསྡད་དོ། ༤༨ དེ་ནས་ཨིས་ར་ཨེལ་པ་རྣམས་བེན་ཡ་མིན་གྱི་བུ་རྣམས་ཀྱི་ཐད་དུ་ཡང་སྐྱར་ཕྱིར་ལོག་ནས། གྲོང་ཁྱེར་གྱི་མི་དང་། དུད་འགྲོ་དང་། ལག་ཏུ་ཐེབས་པ་ཐམས་ཅད་རལ་གྲིས་མེད་པར་བྱས་སོ། ཡང་དེ་དག་བསླེབས་པའི་གྲོང་ཁྱེར་ཐམས་ཅད་མེར་བསྲེགས་སོ༎