༡༩
དེའི་ཚེ་ཨིས་ར་ཨེལ་ལ་རྒྱལ་པོ་མེད་པ་ཡིན། ཡང་ཨེབ་ར་ཨིམ་གྱི་རིའི་ཁྲོད་དུ་གནས་པའི་ལེ་ཝི་པ་ཞིག་གིས་བེད་ལེ་ཧེམ་ཡ་ཧུ་དཱ་ནས་ལྐོག་གི་ཆུང་མ་ཞིག་བླངས་ནས།  ལྐོག་གི་ཆུང་མ་དེས་ཁོ་ལ་ལོག་པར་བྱས་ཏེ། ཁོའི་མདུན་ནས་རང་གི་ཕའི་ཁང་པར་བེད་ལེ་ཧེམ་ཡ་ཧུ་དཱ་རུ་སོང་ནས། ཟླ་བ་བཞི་ཧྲིལ་པོར་དེར་གནས་སོ།  དེ་ནས་མོའི་ཁྱོ་ལངས་ཏེ། མོ་ལ་གཏམ་འཇག་པོ་བྱེད་པ་དང་། ལོག་འཁྲིད་པའི་ཕྱིར་མོའི་རྗེས་སུ་སོང་སྟེ། ཁོ་དང་མཉམ་དུ་གཡོག་པོ་ཞིག་དང་བོང་བུ་གཉིས་ཡོད་པ་ཡིན། ཡང་མོས་དེ་ནི་རང་གི་ཕ་ཡི་ཁང་པར་ཁྲིད་དེ། མོའི་ཕས་ཁོ་མཐོང་བ་དང་། ཁོ་དང་འཕྲད་པར་ཤིན་ཏུ་དགའ་བར་གྱུར་ཏོ།  ཁོའི་གྱོས་པོའམ་མོའི་ཕས་ཁོའི་ལག་པ་ནས་བཟུང་ཞིང་། ནང་དུ་ཁྲིད་དེ། དེ་ནི་ཞག་གསུམ་གྱི་བར་དུ་ཁོ་དང་མཉམ་བསྡད་དེ། ཟ་ཞིང་བཏུང་སྟེ། དེར་གནས་སོ།  དེ་ནས་ཞག་བཞི་པ་ལ་དེ་དག་ཤིན་ཏུ་སྔ་དྲོ་ལངས་ཏེ། ཁོ་འགྲོ་བར་བསམས་སོ། དེ་རུ་བུ་མོའི་ཕས་མག་པ་ལ། ཁྱོད་ཀྱིས་རང་གི་སྙིང་བག་ལེབ་ཁམ་གཅིག་གིས་ཚིམ་པར་གྱིས། དེའི་རྗེས་སུ་ལམ་དུ་ཞུགས་ཤིག་བསྐུལ་བས།  དེ་གཉིས་བསྡད་ཅིང་ལྷན་ཅིག་ཏུ་ཟ་ཞིང་འཐུང་ངོ་། དེ་ནས་བུ་མོའི་ཕས་མི་དེ་ལ། སེམས་ཚིམ་པར་མཚན་གང་སྡོད། ཁྱོད་ཀྱི་སྙིང་དགའ་བར་གྱིས་ཤིག་ཅེས་བསྐུལ་ཏོ།  དེ་ནས་མི་དེ་འགྲོ་བར་ལངས་པའི་ཚེ། ཁོའི་གྱོས་པོས་ཁོ་ལ་ཨུ་ཚུགས་བྱས་ནས། ཁོ་དེར་ད་དུང་བསྡད་དོ།  ཡང་ཞག་ལྔ་པར་སྔ་དྲོ་འགྲོ་བའི་ཕྱིར་ལངས་པའི་ཚེ། བུ་མོའི་ཕས་དེ་ལ། ཁྱོད་ཀྱི་སེམས་ཚིམ་པར་གྱིས་ཏེ། ཉི་མ་བཞུད་པའི་བར་དུ་སྡོད་ཅིག་ཅེས་བསྐུལ་བས། གཉིས་ཀས་བཟས་སོ།  ཡང་མི་དེ་དང་ཁོའི་ལྐོག་གི་ཆུང་མ་དང་གཡོག་པོ་འགྲོ་བར་ལངས་པའི་ཚེ། ཁོའི་གྱོས་པོའམ་བུ་མོའི་ཕས་ཁོ་ལ། ལྟོས་ཤིག ད་ཉི་མ་བཞུད་ཀྱི་འདུག ཁྱོད་གཉིས་མཚན་ལ་སྡོད། ལྟོས་ཤིག ཉི་མ་རྒས་ཚར། ཁྱོད་ཀྱི་སྙིང་དགའ་བའི་ཕྱིར་མཚན་ལ་འདིར་སྡོད། སང་ཞོག་ཁྱོད་ཀྱི་ཁྱིམ་དུ་འགྲོ་བའི་ཕྱིར་སྔ་དྲོ་ལམ་དུ་ཞུགས་ཤིག་ཅེས་སྨྲས་ཀྱང་།
༡༠ མི་དེ་མཚན་དེ་ལ་སྡོད་པར་མ་འདོད་དེ། ལངས་ནས་འཐོན་ནོ། དེ་དག་ཡེ་བུས་ཀྱི་ཁ་ཐུག་ལ་བསླེབ་བོ། ཡེ་བུས་བྱ་བ་ནི་ཡེ་རུ་ཤ་ལེམ་ཡིན། མི་དེ་དང་མཉམ་དུ་བོང་བུ་སྒ་རྒྱབ་པ་ཞིག་དང་ལྐོག་གི་ཆུང་མ་དེ་ཡོད་པ་ཡིན། ༡༡ དེ་དག་ཡེ་བུས་དང་ཉེ་བར་བསླེབ་པའི་ཚེ། ཉི་མ་རྒས་པས། གཡོག་པོས་རང་གི་དཔོན་པོ་ལ། ཕེབས་དང་། ངེད་ཡེ་བུས་ཀྱི་གྲོང་ཁྱེར་གྱི་ནང་དུ་སོང་ནས། དེར་སྡོད་པར་བྱ་ཞུས་ཀྱང་། ༡༢ དེའི་དཔོན་པོས་ཁོ་ལ། ཨིས་ར་ཨེལ་པ་མེད་པའི་ཕྱི་པའི་གྲོང་ཁྱེར་གྱི་ནང་དུ་ངེད་མི་འགྲོ། གི་བེ་ཨ་རུ་འགྲོ་བར་བྱ་ཞེས་སྨྲས་པ་དང་། ༡༣ དེས་རང་གི་གཡོག་པོ་ལ། ཤོག་དང་། ངེད་གནས་འདི་རྣམས་ནས་གཅིག་གི་ནང་དུ་འགྲོ་བར་བྱ། གི་བེ་ཨའམ་རཱ་མཱ་རུ་ཞག་སྡོད་བྱ་ཞེས་སྨྲས་སོ། ༡༤ དེ་ནས་དེ་དག་ལམ་དུ་སོང་བ་ལས། བེན་ཡ་མིན་པའི་གི་བེ་ཨ་དང་ཉེ་བར་བསླེབ་པའི་ཚེ། ཉི་མ་དེ་དག་ནས་བཞུད་དོ། ༡༥ དེ་ནས་དེ་དག་གི་བེ་ཨ་རུ་སྡོད་པའི་ཕྱིར་དེར་སོང་ནས། ནང་དུ་ཞུགས་ཏེ། གྲོང་ཁྱེར་གྱི་ལམ་སྲང་ཞིག་ལ་བསྡད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་ཁང་པའི་གནས་ཚང་གཏོང་མཁན་སུ་ཡང་མེད་པ་ཡིན།
༡༦ ཡང་དགོངས་མོ་མི་རྒད་པོ་ཞིག་ཞིང་གི་ལས་བྱས་ནས་དེར་ལོག་གོ། ཁོ་ཨེབ་ར་ཨིམ་གྱི་རིའི་ཡུལ་ནས་ཡོད་པ་ཡིན། གི་བེ་ཨ་རུ་གནས་མཁན་ཞིག་ཡིན། འོན་ཀྱང་ས་ཆ་དེའི་མི་རྣམས་བེན་ཡ་མིན་པ་ཡིན་ནོ། ༡༧ དེས་མིག་འདེགས་ཤིང་བལྟས་པས། གྲོང་ཁྱེར་གྱི་ལམ་སྲང་ན་མི་འགྲུལ་པ་ཞིག་མཐོང་བས། མི་རྒད་པོ་དེས། ཁྱོད་གང་དུ་འགྲོ། གང་ནས་འོངས་ཤེས་འདྲིས་པས། ༡༨ ཁོས་དེ་ལ། ང་བེད་ལེ་ཧེམ་ཡ་ཧུ་དཱ་ནས་འོང་སྟེ། ཨེབ་ར་ཨིམ་གྱི་རིའི་ཕྱོགས་སུ་འགྲོ། ང་དེ་ནས་ཡིན། ང་བེད་ལེ་ཧེམ་ཡ་ཧུ་དཱ་རུ་སོང་བ་ཡིན། ད་ལྟ་ང་ཡ་ཧོ་ཝཱའི་མཆོད་ཁང་དུ་འགྲོ། འདི་རང་ལ་གནས་ཚང་གཏོང་མཁན་མི་སུའང་མི་འདུག ༡༩ འོན་ཀྱང་ངའི་བོང་བུ་རྣམས་ཀྱི་ཕྱིར་རྩྭ་ཆག་ཡོད། ཡང་ང་རང་དང་ཁྱེད་ཀྱི་གཡོག་མོ་དང་ཁྱེད་ཀྱི་གཡོག་པོ་རྣམས་དང་མཉམ་དུ་ཡོད་པའི་གཞོན་ནུ་དེ་ཐམས་ཅད་ཀྱི་ཕྱིར་བག་ལེབ་དང་རྒུན་ཆང་ཡོད། ཅིའང་དགོས་པ་མེད་ཅེས་སྨྲས་སོ། ༢༠ དེ་ནས་མི་རྒད་པོ་དེས། ཁྱེད་ཞི་བདེ་བར་གྱུར་ཅིག ཁྱེད་ལ་དགོས་པ་ཐམས་ཅད་ངའི་ཁག་ཡིན། འོན་ཀྱང་ལམ་སྲང་དུ་མ་སྡོད་ཅེས་བསྐུལ་བས། ༢༡ ཁོས་དེ་ནི་རང་གི་ཁང་པར་ཁྲིད་ནས། བོང་བུ་རྣམས་ལ་ཆག་སྟེར་ཏེ། དེ་དག་གིས་རང་གི་རྐང་པ་བཀྲུས་ཏེ། ཟོས་ཤིང་བཏུངས་སོ༎
༢༢ དེ་དག་གིས་སྙིང་དགའ་སྤྲོ་བྱེད་པའི་དུས་སུ། གྲོང་ཁྱེར་དེའི་མི་རྣམས་ལས་མི་ངན་པ་འགའ་ཞིག་གིས་ཁང་པ་དེ་བསྐོར་ཏེ། སྒོ་བརྡུང་ཞིང་། ཁང་བདག་རྒད་པོ་དེ་ལ། ཁྱོད་ཀྱི་ཁང་པའི་ནང་དུ་འོངས་པའི་མི་དེ་ངེད་རྣམས་ཀྱིས་ཤེས་པའི་ཕྱིར་ཕྱི་ལོགས་ལ་ཁྲིད་ཤོག་ཅེས་ཟེར་ཏོ། ༢༣ ཁང་བདག་དེ་ཕྱི་ལོགས་ལ་ཁོ་རྣམས་ཀྱི་རྩར་འཐོན་ནས་དེ་དག་ལ། མིན། ངའི་སྤུན་རྣམས། དེ་ལྟར་ངན་པ་མ་བྱེད། མི་དེ་ངའི་ཁྱིམ་དུ་འོང་བར་མཐོང་སྟེ། བླུན་པོའི་ལས་མ་བྱེད། ༢༤ ལྟོས་ཤིག ངའི་བུ་མོ་ན་ཆུང་དང་ཁོའི་ལྐོག་གི་ཆུང་མ་འདིར་ཡོད། ངས་དེ་གཉིས་ཕྱི་ལ་འཁྲིད་པར་བྱ། ཁྱོད་ཅག་གིས་དེ་གཉིས་ལ་ཁྲེལ་མེད་བགྱིས་ཏེ། ཁྱོད་ཅག་གི་འདོད་པ་བཞིན་དེ་གཉིས་ལ་གྱིས། འོན་ཀྱང་མི་དེ་ལ་མི་འོས་པའི་ལས་ངན་པ་མ་བྱེད། ཅེས་བསྐུལ་ཀྱང་། ༢༥ མི་དེ་རྣམས་ཀྱིས་ཁོ་ལ་མ་ཉན་ཏེ། མི་དེས་རང་གི་ལྐོག་གི་ཆུང་མ་དེ་བཟུང་ནས། དེ་དག་གི་རྩར་ཕྱི་ལོགས་སུ་ཁྲིད་པ་དང་། དེ་དག་གིས་མཚན་གང་སྔ་དྲོའི་བར་དུ་མོ་ལ་ངན་པ་བྱས་ཏེ། ནམ་ལང་བའི་ཚེ་མོ་བཏང་ངོ་། ༢༦ དེ་ནས་ནམ་ལང་བའི་ཚེ། བུད་མེད་དེ་འོང་སྟེ། རང་གི་དཔོན་པོ་ཡོད་སའི་མི་དེའི་ཁང་པའི་སྒོའི་འགྲམ་དུ་གྱེལ་ཏེ། ཉི་མ་མ་ཤར་བའི་བར་དུ་དེར་ལུས་སོ༎
༢༧ དེ་ནས་མོའི་དཔོན་པོ་སྔ་དྲོ་ལངས་ཏེ། ཁང་པའི་སྒོ་ཕྱེས་ནས། ལམ་དུ་འགྲོ་བའི་ཕྱིར་འཐོན་པ་དང་། བུད་མེད་དེའམ་ཁོའི་ལྐོག་གི་ཆུང་མ་དེ་ཁང་པའི་སྒོའི་འགྲམ་དུ་གྱེལ་ཏེ། ལག་པ་ཐེམ་པའི་ཁར་བརྐྱང་ཞིང་ཉལ་ཏོ། ༢༨ ཁོས་མོ་ལ། ལོངས་ཤིག ངེད་འགྲོ་བར་བྱ་སྨྲས་ཀྱང་། ལན་གང་ཡང་མ་བྱུང་ངོ་། དེར་མི་དེས་བུ་མོ་དེ་བོང་བུ་ཞིག་གི་ཁར་བཀལ་ཏེ། མི་དེ་ལངས་ནས། རང་གི་གནས་སུ་སོང་ངོ་། ༢༩ ཁོ་ཁང་པར་བསླེབ་པའི་ཚེ། གྲི་ཞིག་བླང་ནས། རང་གི་ལྐོག་གི་ཆུང་མ་ལ་འཐམས་ཏེ། མོའི་རུས་པ་བཞིན་དུམ་པོ་བཅུ་གཉིས་བྱས་ཏེ་བཏུབ་བོ། དེ་ནི་ཁོས་ཨིས་ར་ཨེལ་གྱི་ས་མཚམས་ཐམས་ཅད་ཀྱི་བར་དུ་བཏང་ངོ་། ༣༠ དེ་ནས་དེ་མཐོང་མཁན་ཐམས་ཅད་ཀྱིས་འདི་སྐད་དུ། ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་ནས་འཐོན་པའི་དུས་ནས་དེ་རིང་གི་བར་དུ་བྱ་བ་འདི་ལྟ་བུ་ཞིག་མ་བྱུང་སྟེ། མཐོང་ཡང་མ་མཐོང་ངོ་། དེ་ལ་བསམ་བློ་བཏང་སྟེ། གྲོས་བྱས་ཏེ་སྨྲོས་ཤིག།