༡༨
དེའི་དུས་ན་ཨིས་ར་ཨེལ་ན་རྒྱལ་པོ་ཞིག་མེད་པ་ཡིན། ཡང་དེའི་དུས་སུ་དཱན་གྱི་སྡེ་ཡིས་རང་གནས་པའི་ཕྱིར་ས་སྐལ་ཞིག་བཙལ་ཏོ། ཅིའི་ཕྱིར་ཞེ་ན། དུས་དེའི་བར་དུ་དེ་དག་ལ་ཨིས་ར་ཨེལ་པའི་སྡེ་རྣམས་ཀྱི་ཁྲོད་དུ་ས་སྐལ་མ་བརྙེད་དོ།  དེ་ནས་དཱན་གྱི་བུ་རྣམས་ཀྱིས་རང་གི་ནང་མིའི་ནང་ནས་མི་རྩལ་ཅན་ལྔ་རང་གི་ཡུལ་ཚོར་ཨ་དང་ཨེས་ཐ་ཨོལ་ནས་བཏང་སྟེ། ཡུལ་དུ་སོ་པ་བྱེད་པ་དང་རྩད་གཅོད་པར་བཏང་སྟེ། དེ་དག་ལ། སོང་ལ། ཡུལ་གྱི་རྩད་ཆོད་ཅིག་ཅེས་བསྐུལ་བས། དེ་དག་ཨེབ་ར་ཨིམ་རིའི་ཡུལ་ལ་མི་ཀཱའི་ཁང་པར་བསླེབ་པས་དེར་གནས་སོ།  དེ་དག་མི་ཀཱའི་ཁང་པར་བསླེབ་པའི་ཚེ། ལེ་ཝི་པ་གཞོན་ནུ་དེའི་སྐད་ལུགས་ངོ་ཤེས་ཏེ་དེ་ལ། ཁྱོད་འདིར་སུས་ཁྲིད། ཁྱོད་ཀྱིས་གནས་འདི་ལ་ཅི་བྱེད། འདིར་ཅི་ཡོད་འདྲིས་པས།
 ཁོས་དེ་དག་ལ། མི་ཀཱས་ང་ལ་དེ་ལྟར་བྱས། ང་ལ་གླ་སྤྲད་ནས། ང་ཁོའི་བླ་མར་གྱུར་ཞེས་ཟེར་བས།
 དེ་དག་གིས་ཁོ་ལ། བདག་ཅག་འགྲོ་བའི་ལམ་དེ་ནི་བཀྲ་ཤིས་པར་འགྱུར་རམ་མི་འགྱུར་རྟོགས་པའི་ཕྱིར་དཀོན་མཆོག་ནས་ཐུགས་བརྟག་ཞུས་ཤིག་ཟེར་བས།
 བླ་མས་དེ་དག་ལ། ཞི་བདེ་བར་སོང་ཞིག ཁྱོད་ཅག་འགྲོ་བའི་ལམ་དེ་ཡ་ཧོ་ཝཱའི་དྲུང་དུ་བཟང་པོ་ལགས་ཤེས་སྨྲས་སོ༎
 དེ་ནས་མི་ལྔ་པོ་དེ་ཕྱིན་ནས། ལ་ཨིས་ཡུལ་དུ་བསླེབས་པ་དང་། དེ་དག་གིས་དེར་ཡོད་པ་རྣམས་ཚི་དོན་པའི་ལུགས་སྲོལ་བཞིན་དུ་བརྟན་པོར་གནས་ཤིང་། ཞི་བདེ་བ་དང་འཇིགས་པ་མེད་པར་གནས་པར་མཐོང་ངོ་། ཡུལ་དེར་གནོད་པ་བྱེད་མཁན་དང་དཔོན་པོ་བྱེད་མཁན་ཞིག་མེད་དེ། དེ་དག་ཚི་དོན་པ་རྣམས་དང་ཐག་རིང་ཡོད་པས། སུ་ཞིག་དང་འབྲེལ་བ་མེད་པ་ཡིན།  དེ་ནས་དེ་དག་སོང་སྟེ། ཚོར་ཨ་དང་ཨེས་ཐ་ཨོལ་དུ་རང་གི་སྤུན་རྣམས་ཀྱི་མདུན་དུ་འོངས་པ་དང་། དེ་དག་གི་སྤུན་རྣམས་ཀྱིས་དེ་དག་ལ། ཁྱོད་ཅག་གིས་ཅི་ཟེར་ཞེས་དྲིས་པས།  དེ་དག་ན་རེ། ལོངས་ཤིག ངེད་དེ་རྣམས་ལ་འཐབ་འཛིང་བྱེད་དུ་འགྲོ། ཅི་ལ་ཞེ་ན། བདག་ཅག་གིས་ཡུལ་དེ་མཐོང་བ་ཡིན། ཡང་ལྟོས་ཤིག དེ་ནི་ཤིན་ཏུ་བཟང་པོ་ཡིན་ཏེ། ད་ཁྱོད་རྣམས་ཁ་རོག་ལ་སྡོད་དམ། ཡུལ་དེ་བདག་ཏུ་བྱེད་པར་ལེ་ལོ་མ་བྱེད་ཅིག ༡༠ ཁྱོད་ཅག་འགྲོ་ན། མི་ཚོགས་བཙན་པོར་གནས་པ་དང་ཡུལ་ཆེན་པོ་ཞིག་ཏུ་སླེབ་པར་འགྱུར། དཀོན་མཆོག་གིས་དེ་ནི་ཁྱོད་ཅག་གི་ལག་ཏུ་གནང་བ་ཡིན། ས་གཞི་འདི་ལ་ཡོད་པའི་དངོས་པོ་ནས་གཅིག་ཀྱང་མ་ལུས་པར་ཡུལ་དེར་ཡོད་དོ༎
༡༡ དེ་ནས་དཱན་གྱི་སྡེ་ལ་ཡོད་པའི་ཚོར་ཨ་དང་ཨེས་ཐ་ཨོལ་ནས་མི་དྲུག་བརྒྱ་དམག་ཆས་གྱོན་ཏེ་ཐོན་ཏོ། ༡༢ ཡང་དེ་དག་ཡར་སོང་སྟེ། ཡ་ཧུ་དཱའི་ཁིར་ཡད་ཡེ་ཨ་རིམ་དུ་གུར་ཕུབས་སོ། དེའི་ཕྱིར་གནས་དེ་ལ་དེ་རིང་གི་བར་དུ་མ་ཧ་ནེ་དཱན་༼བོད་སྐད་དུ་དཱན་གྱི་དམག་སྒར་༽བཏགས་སོ། དེ་ནི་ཁིར་ཡད་ཡེ་ཨ་རིམ་གྱི་རྒྱབ་ལོགས་སུ་ཡོད་དོ། ༡༣ ཡང་དེ་དག་དེ་ནས་ཨེབ་ར་ཨིམ་གྱི་རིའི་ཡུལ་ལ་སོང་སྟེ། མི་ཀཱའི་ཁང་པར་བསླེབས་སོ༎
༡༤ དེ་ནས་ལ་ཨིས་ཀྱི་ཕྱོགས་སུ་སོ་པ་བྱེད་པར་སོང་བའི་མི་ལྔ་པོ་དེས་རང་གི་སྤུན་རྣམས་ལ་ལན་འདེབས་ཤིང་འདི་སྐད་དུ། ཁྱིམ་འདི་རྣམས་ཀྱི་ནང་ན་ཨེ་ཕོད་ཅིག་དང་ཏེ་ར་ཕིམ་ཅིག་དང་། བརྐོས་སྐུ་ཞིག་དང་བླུགས་སྐུ་ཞིག་ཡོད་པར་རྒྱུས་ཡོད་དམ། ད་དེའི་ཕྱིར་ཁྱོད་ཅག་གིས་ཅི་བྱེད་དགོས་བསམ་བློ་ཐོང་ཞིག་ཅེས་བསྐུལ་བས། ༡༥ དེ་དག་དེ་ཕྱོགས་སུ་ཁ་བསྒྱུར་ནས། ལེ་ཝི་པ་གཞོན་ནུ་དེའི་ཁང་པའམ་མི་ཀཱའི་ཁང་པར་འོངས་ཏེ་དེ་ལ། ཁྱེད་ཁམས་བཟང་ངམ་ཞེས་དྲིས་སོ། ༡༦ ཡང་དཱན་གྱི་བརྒྱུད་ནས་ཡིན་པའི་མི་དམག་ཆས་གྱོན་པ་དྲུག་བརྒྱ་དེ་རྟ་སྒོའི་མདུན་དུ་བསྡད་དོ། ༡༧ དེ་ནས་སོ་པ་བྱེད་དུ་སྔར་སོང་བའི་མི་ལྔ་པོ་དེ་ཡར་སོང་ནས། ནང་དུ་ཞུགས་ཏེ། བརྐོས་སྐུ་དང་ཨེ་ཕོད་དང་ཏེ་ར་ཕིམ་དང་བླུག་སྐུ་བླངས་པས། བླ་མ་དེ་དང་མཉམ་དམག་ཆས་གྱོན་པའི་མི་དྲུག་བརྒྱ་དེ་ནི་རྟ་སྒོའི་མདུན་དུ་འདུག་གོ། ༡༨ དེ་དག་མི་ཀཱའི་ཁྱིམ་དུ་ཞུགས་ཏེ། བརྐོས་སྐུ་དང་ཨེ་ཕོད་དང་ཏེ་ར་ཕིམ་དང་བླུག་སྐུ་བླངས་ནས། བླ་མས་དེ་དག་ལ། ཁྱོད་ཅག་གིས་ཅི་བྱེད་ཅེས་འདྲིས་པས།
༡༩ དེ་དག་གིས་ཁོ་ལ། ཁ་རོག་སྡོད། ཁྱོད་ཀྱི་ལག་པ་རང་གི་ཁ་ལ་ཁོབ། ཁྱོད་ངེད་རྣམས་དང་མཉམ་དུ་འགྲུལ་ཏེ། ངེད་རྣམས་ཀྱི་ཕ་དང་བླ་མ་བྱོས། ཁྱོད་ནི་མི་གཅིག་གི་ཁང་པའི་བླ་མ་བྱེད་པར་ལེགས་པ་ཡིན་ནམ། ཡང་ན་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྡེ་ཞིག་གི་བླ་མ་བྱེད་པར་ལེགས་པ་ཡིན། ཞེས་འདྲིས་སོ། ༢༠ དེར་བླ་མའི་སྙིང་དགའ་བར་གྱུར་ཏེ། ཨེ་ཕོད་དང་ཏེ་ར་ཕིམ་དང་བརྐོས་སྐུ་བླངས་ཤིང་། མི་རྣམས་ཀྱི་དཀྱིལ་དུ་སོང་ངོ་༎
༢༡ དེ་ནས་དེ་དག་ཕྱིར་ལོག་བསྒྱུར་ནས། ཕྲུ་གུ་རྣམས་དང་ཕྱུགས་དང་ནོར་རྣམས་སྔོན་དུ་བཏང་ནས་འཐོན་ནོ། ༢༢ དེ་དག་མི་ཀཱའི་ཁྱིམ་ནས་ཐག་རིང་པོར་བསླེབ་པའི་ཚེ། མི་ཀཱའི་ཁྱིམ་དང་ཉེ་བའི་ཁང་པ་རྣམས་ཀྱི་མི་རྣམས་འདུས་ཏེ། དཱན་གྱི་བུ་རྣམས་ཀྱི་རྗེས་སུ་དེད་ནས་བཟུང་ངོ་། ༢༣ དཱན་གྱི་བུ་རྣམས་ལ་བོས་པས། དེ་དག་གིས་གདོང་བསྒྱུར་ཏེ་མི་ཀཱ་ལ། ཁྱོད་མི་ཚོགས་འདི་ཙམ་ཞིག་དང་མཉམ་དུ་འོང་བ་དེ་ཅི་ཡིན་ཞེས་དྲིས་པས།
༢༤ ཁོ་ན་རེ། ངས་བཟོས་པའི་སྐུ་འདྲ་རྣམས་དང་བླ་མ་དེ་ཐམས་ཅད་ཁྱོད་ཅག་གིས་འཁྱེར་ཏེ་སོང་བ་ཡིན། ད་ང་ལ་ཅི་ལུས། ཡང་ཁྱོད་ཅག་གིས་ང་ལ། ཁྱོད་ལ་ཅི་བྱུང་ཟེར་བ་དེ་ཅི་ཡིན།
༢༥ ཞེས་འདྲིས་པའི་ལན་དུ་དཱན་གྱི་བུ་རྣམས་ཀྱིས་ཁོ་ལ། ཁྱོད་ཀྱི་སྒྲ་ངེད་རྣམས་ཀྱི་ཁྲོད་དུ་ཐོས་མ་འཇུག དེ་མིན། ངེད་རྣམས་ཀྱི་ཁྲོད་ནས་མི་ཁྲོ་བོ་རྣམས་ཁྱོད་ཀྱི་ཐོག་ཏུ་འོང་། དེ་ནས་ཁྱོད་ཀྱིས་རང་གི་སྲོག་དང་རང་གི་མི་ཚང་གི་སྲོག་སྟོར་བར་འགྱུར། ༢༦ དེ་ནས་དཱན་གྱི་བུ་རྣམས་རང་གི་ལམ་དུ་ཞུགས་ཏེ། མི་ཀཱས་དེ་དག་ཁོ་རང་ལས་ཤིན་ཏུ་དཔུང་ཆེ་བར་མཐོང་བས། ཕྱིར་ལོག་བསྒྱུར་ཏེ། རང་གི་ཁྱིམ་དུ་ལོག་གོ།
༢༧ མི་ཀཱས་བཟོས་པའི་ཡོ་བྱད་དང་དེ་ལ་ཡོད་པའི་བླ་མ་དེ་དག་གིས་ཁྲིད་ནས། ལ་ཨིས་ཕྱོགས་སུ་སོང་ངོ་། དེ་རུ་མི་བརྟན་པོ་དང་ཞི་བདེ་བར་བསྡད་པའི་མི་རྣམས་ཡོད་པ་ཡིན། དེ་དག་ཁོ་རྣམས་ཀྱི་ཐོག་ཏུ་འོང་སྟེ། རལ་གྲིས་བསད་དེ། གྲོང་ཁྱེར་དེ་མེས་བསྲེགས་སོ། ༢༨ དེ་དག་ལ་སྐྱབས་བྱེད་མཁན་གཅིག་ཀྱང་མེད་པ་ཡིན། ཅི་ལ་ཞེ་ན། ཚི་དོན་ནི་ཐག་རིང་དང་། དེ་དག་མི་སུ་ཞིག་དང་བྲེལ་ནས་མེད་པ་ཡིན། དེ་ནི་བེད་རེ་ཧོབ་ཀྱི་ལུང་པའི་ནང་ན་ཡོད་པ་ཡིན། དེ་ནས་དེ་དག་གིས་གྲོང་ཁྱེར་དེ་ཡང་སྐྱར་བརྩིགས་ནས། དེའི་ནང་དུ་གནས་སོ། ༢༩ ཡང་དེ་དག་གིས་གྲོང་ཁྱེར་དེ་ནི་ཨིས་ར་ཨེལ་ལ་སྐྱེས་པའི་རང་གི་མེས་པོ་དཱན་གྱི་མིང་བཞིན་དུ་དཱན་བཏགས་སོ། འོན་ཀྱང་སྔར་གྱི་དུས་སུ་གྲོང་ཁྱེར་དེའི་མིང་ནི་ལ་ཨིས་ཡོད་པ་ཡིན། ༣༠ དཱན་གྱི་བུ་རྣམས་ཀྱིས་རང་གི་དོན་དུ་བརྐོས་སྐུ་དེ་བཞག་སྟེ། མོ་ཤེའི་བུ་གེར་ཤོམ་གྱི་བུ་ཡོ་ན་ཐན་དང་དེའི་བུ་རྣམས་ཡུལ་དེ་མ་འཛིན་པའི་དུས་ཀྱི་བར་དུ་དཱན་གྱི་བུ་རྣམས་ཀྱི་བླ་མར་གྱུར་པ་ཡིན་ནོ། ༣༡ ཡང་དཀོན་མཆོག་གི་མཆོད་ཁང་ནི་ཤི་ལོ་རུ་ཡོད་པའི་དུས་ཀྱི་བར་དུ་དེ་དག་གིས་མི་ཀཱས་བཟོས་པའི་བརྐོས་སྐུ་དེ་རང་གི་དོན་དུ་བཞག་གོ།