༡༧
དེ་ནས་ཨེབ་ར་ཨིམ་རིའི་ཡུལ་ལ་མི་ཀཱ་བྱ་བའི་མི་ཞིག་ཡོད་པ་ཡིན།  དེས་རང་གི་མ་ལ། ཁྱེད་ནས་ཁྱེར་བའི་དངུལ་བརྒྱ་བཅུ་གཅིག ཁྱེད་ཀྱིས་དེའི་ཕྱིར་དམོད་པ་བོར་ནས་ངའི་རྣ་བ་ལ་ཡང་སྨྲས་པའི་དངུལ་དེ། ལྟོས་ཤིག དངུལ་དེ་ངའི་ལག་ཏུ་ཡོད། ངས་དེ་བླངས་པ་ཡིན་གྱིས། ད་ལྟ་ངས་ཕྱིར་ལོག་འབུལ་བར་བྱ་ཞེས་ཟེར་བས། ཁོའི་མས་དེ་ལ། ཡ་ཧོ་ཝཱས་ཁྱོད་ལ་བྱིན་རླབས་གནོང་ཞིག ངའི་བུ། ཞེས་སྨྲས་པ་དང་།  ཁོས་དངུལ་བརྒྱ་བཅུ་གཅིག་དེ་རང་གི་མ་ལ་ཕྱིར་ཕུལ་བས། མ་ན་རེ། དངུལ་དེ་ངས་རང་གི་ལག་པ་ནས་ངའི་བུའི་དོན་དུ་ཡ་ཧོ་ཝཱ་ལ་ཕུལ་བ་ཡིན། དེའི་ནང་ནས་རྐོས་པའི་སྐུ་དང་བླུགས་མའི་སྐུ་ཞིག་བཟོ་བར་བྱ། ད་དེའི་དོན་དུ་ངས་ཁྱོད་ལ་ཕྱིར་གཏོང་ངོ་ཞེས་སྨྲས་ཀྱང་།  ཁོས་དངུལ་དེ་རང་གི་མ་ལ་ཕྱིར་ཕུལ་བ་དང་། ཁོའི་མས་དངུལ་ཉིས་བརྒྱ་བླངས་ནས། བཟོ་པ་ལ་བཏད་དེ། དེས་དེ་རྣམས་ནས་རྐོས་སྐུ་དང་བླུགས་སྐུ་ཞིག་བཟོས་ནས། དེ་ནི་མི་ཀཱའི་ཁང་པར་བཞག་གོ།  ཡང་སྐྱེས་པ་མི་ཀཱ་ལ་དཀོན་མཆོག་མཆོད་ཁང་ཞིག་ཡོད་དེ། ཨེ་ཕོད་ཅིག་དང་ཏེ་ར་ཕིམ་བཟོས་ནས། རང་གི་བུ་རྣམས་ལས་གཅིག་བླ་མར་འགྱུར་དུ་དམ་པར་བྱས་སོ།  དེའི་ཚེ་ཨིས་ར་ཨེལ་གྱི་ནང་དུ་རྒྱལ་པོ་མེད་པས། མི་རེ་རེས་རང་གི་འདོད་པ་བཞིན་དུ་བྱས་སོ༎
 ཡང་ཡ་ཧུ་དཱའི་བརྒྱུད་ནས་བེད་ལེ་ཧེམ་ཡ་ཧུ་དཱའི་ལེ་ཝི་པ་མི་གཞོན་ནུ་ཞིག་བསླེབ་སྟེ། འགྲུལ་པ་ལྟར་དེར་གནས་སོ།  ཡང་མི་དེ་བེད་ལེ་ཧེམ་ཡ་ཧུ་དཱའི་གྲོང་ཁྱེར་ནས་འཐོན་ཏེ། འགྲུལ་པ་ལྟར་གནས་ས་གང་དུ་ཐོབ་ལྟ་བའི་ཕྱིར་སོང་ངོ་། ཡང་ཁོ་འགྲོ་གིན་འགྲོ་གིན་ཨེབ་ར་ཨིམ་གྱི་རིའི་ཡུལ་ལ་མི་ཀཱའི་ཁྱིམ་དུ་བསླེབ་སྟེ།  མི་ཀཱས་དེ་ལ། ཁྱོད་གང་ནས་འོངས་འདྲིས་པའི་ལན་དུ་དེས་ཁོ་ལ། ང་བེད་ལེ་ཧེམ་ཡ་ཧུ་དཱའི་ལེ་ཝི་པ་ཞིག་ཡིན། ཡང་གང་དུ་གནས་ཤིག་རྙེད་སར་ང་གནས་པའི་ཕྱིར་འགྲོ་བ་ཡིན་ཟེར་ཏོ། ༡༠ དེར་མི་ཀཱས་ཁོ་ལ། ཁྱོད་ང་དང་མཉམ་དུ་བསྡད་ནས། ངའི་ཕ་དང་བླ་མར་གྱུར་ཅིག ངས་ཁྱོད་ལ་ལོ་རེར་དངུལ་བཅུ་དང་གོས་དང་རྒྱགས་སྦྱིན་པར་བྱ་ཟེར་བས། ལེ་ཝི་པ་དེ་ནང་དུ་སོང་ངོ་། ༡༡ ལེ་ཝི་པ་ནི་མི་དེ་དང་མཉམ་སྡོད་པར་དགའ་སྟེ། མི་གཞོན་ནུ་དེ་ནི་ཁོའི་བུ་རྣམས་ལས་གཅིག་དང་འདྲ་བར་གྱུར་ཏོ། ༡༢ དེ་ལྟར་མི་ཀཱས་ལེ་ཝི་པ་དེ་དམ་པར་བྱས་ཏེ། མི་གཞོན་ནུ་དེ་ཁོའི་བླ་མར་གྱུར་ཏེ། མི་ཀཱའི་ཁྱིམ་དུ་གནས་སོ། ༡༣ དེ་ནས་མི་ཀཱས་ན་རེ། ད་ང་ལ་ལེ་ཝི་པ་ཞིག་བླ་མར་ཡོད་པས། ཡ་ཧོ་ཝཱས་ང་ལ་ཕན་པ་མཛད་པར་ཤེས་སོ་ཞེས་སྨྲས་སོ༎