༡༦
དེ་ནས་སམ་སོན་་ག་ཟཱ་རུ་སོང་སྟེ། དེར་སྨད་ཚོང་མ་ཞིག་མཐོང་ནས། དེའི་རྩར་ནང་དུ་ཞུགས་སོ། ༢ ཡང་ག་ཟཱ་པ་རྣམས་ཀྱིས། སམ་སོན་འདིར་བསླེབས་ཟེར་བར་ཐོས་པས། དེ་དག་གིས་ཁང་པའི་མཐའ་བསྐོར་ནས། གྲོང་ཁྱེར་གྱི་རྒྱ་སྒོའི་རྩར་མཚན་གང་ཁོའི་ཕྱིར་འཇབས་བསྡད། སྔ་དྲོ་ནམ་ལང་བའི་ཚེ་ངེད་རྣམས་ཀྱིས་ཁོ་གསོད་པར་བྱ་ཟེར་ཏེ། མཚན་གང་ཁ་རོག་ལ་བསྡད་དོ། ༣ སམ་སོན་མཚན་ཕྱེད་ཀྱི་བར་དུ་ཉལ་བསྡད་ནས། མཚན་ཕྱེད་ལ་ལངས་ཏེ། གྲོང་ཁྱེར་གྱི་རྒྱ་སྒོའི་སྤང་ལེབ་གཉིས་དང་སྒོའི་རི་བཞི་དང་རྒྱབ་ལག་དེ་ཐམས་ཅད་བླང་སྟེ། དེ་རྣམས་རང་གི་དཔུང་པར་བཞག་ནས། ཧེབ་རོན་གྱི་མདུན་དུ་ཡོད་པའི་རི་ཞིག་གི་རྩེ་མོ་ལ་ཁྱེར་ཏོ༎༤ དེའི་རྗེས་སུ་གྲོག་པོ་སོ་རེག་གི་འགྲམ་དུ་གནས་པའི་དཱེ་ལི་ལཱ་བྱ་བའི་བུད་མེད་ཅིག་ལ་དགའ་བས། ༥ ཕེ་ལེ་ཤེད་པའི་རྗེ་བོ་རྣམས་མོའི་མདུན་དུ་འོངས་ནས་དེ་ལ། ཁྱོད་ཀྱིས་ཁོ་བསླུས་ཏེ། ཁོའི་སྟོབས་ཆེན་པོ་དེ་ག་རུ་ཡོད་པ་དང་། ཐབས་གང་གིས་ངེད་ཁོ་ལས་རྒྱལ་བར་འགྱུར་ལྟོས། ངེད་རྣམས་ཀྱིས་ཁོ་བཏུལ་ཏེ་འཆིང་ན། ངེད་མི་རེ་རེས་ཁྱོད་ལ་དངུལ་བརྒྱ་བཅུ་གཅིག་བཅུ་གཅིག་སྦྱིན་པར་བྱ་ཟེར་བས། ༦ དཱེ་ལི་ལཱས་སམ་སོན་ལ། ཁྱོད་ཀྱི་སྟོབས་ཆེན་པོ་དེ་ག་ན་ཡོད། ཡང་ཐབས་གང་གིས་ཁྱོད་འདུལ་བ་དང་སྡོམ་པར་དགོས། དེ་ནི་ང་ལ་ཤོད་ཅེས་ཞུས་པས། ༧ སམ་སོན་གྱིས་མོ་ལ། གལ་ཏེ་དེ་དག་གིས་ང་རྩྭ་ཐག་མ་བསྐམས་པ་བདུན་གྱིས་བསྡམས་ན། ང་ཤེད་མེད་དུ་གྱུར་ཏེ། མི་གཞན་ལྟར་འགྱུར་འོང་ཞེས་སྨྲས་པས། ༨ ཕེ་ལེ་ཤེད་པའི་རྗེ་བོ་རྣམས་ཀྱིས་མོ་ལ་རྩྭ་ཐག་མ་བསྐམས་པ་བདུན་བཏད་དེ། མོས་ཁོ་དེ་རྣམས་ཀྱིས་བསྡམས་སོ། ༩ བུད་མེད་ཀྱིས་བསྐུལ་བ་བཞིན་འཇབ་ཡོད་པའི་མི་འགའ་ཞིག་མོ་དང་མཉམ་ནང་མིག་ཏུ་བསྡད་དེ་ཡོད་པ་ཡིན། དེ་རུ་བུད་མེད་ཀྱིས། ཀྱེ་སམ་སོན། ཕེ་ལེ་ཤེད་པ་རྣམས་ཁྱེད་ཀྱི་ཐོག་ཏུ་འོང་ངོ་ཞེས་བོས་པས། སྐུད་པ་ཞིག་མེ་ལ་ཐུག་པའི་ཚེ་ཆད་པ་ལྟར། ཁོས་རྩྭ་ཐག་རྣམས་བཅད་དོ། དེ་ལྟར་ཁོའི་སྟོབས་དེ་ག་ནས་བྱུང་བ་མ་ཤེས་སོ༎
༡༠ དཱེ་ལི་ལཱས་སམ་སོན་ལ། ལྟོས། ཁྱོད་ཀྱིས་ང་ལ་སྨད་ཅིང་རྫུན་ལབ་པ་ཡིན། ད་ཁྱོད་ཅི་ཡིས་འཆིང་བར་ནུས་ང་ལ་ཤོད་ཅེས་ཟེར་བས། ༡༡ ཁོས་མོ་ལ། གལ་ཏེ་དེ་དག་གིས་ང་ཐག་པ་གསར་བ་ནམ་ཡང་མ་བཀོལ་པ་རྣམས་ཀྱིས་བསྡམ་ན། ང་ཤེད་མེད་དུ་འགྱུར་ཏེ། མི་གཞན་ལྟར་འགྱུར་འོང་ཟེར་ཏོ། ༡༢ དེའི་ཕྱིར་དཱེ་ལི་ལཱས་ཐག་པ་གསར་པ་བླངས་ནས། དེ་ཡིས་ཁོ་བསྡམ་སྟེ། འཇབ་མཁན་རྣམས་ནང་མིག་ཏུ་བསྡད་པའི་ཚེ་ཁོ་ལ། ཀྱེ་སམ་སོན། ཕེ་ལེ་ཤེད་པ་རྣམས་ཁྱོད་ཀྱི་ཐོག་ཏུ་འོང་ངོ་ཞེས་བོས་པས། ཁོས་རང་གི་ལག་པའི་ཐག་པ་ནི་སྐུད་པ་ལྟར་བཅད་དོ༎
༡༣ ཡང་དཱེ་ལི་ལཱས་སམ་སོན་ལ། ད་ལྟའི་བར་དུ་ཁྱོད་ཀྱིས་ང་ལ་སྨད་ཅིང་རྫུན་ལབ་པ་ཡིན། ད་ཅི་ཐབས་ཀྱིས་ཁྱོད་འཆིང་བར་ནུས་ང་ལ་ཤོད་ཞུས་པས། ཁོས་མོ་ལ། གལ་ཏེ་ཁྱོད་ཀྱིས་ངའི་མགོའི་རལ་པ་བདུན་རྒྱུ་དང་མཉམ་འཐག་སྟེ། འཐག་ཕུར་ལ་བཏག་ན། ང་ཤེད་མེད་དང་མི་གཞན་ལྟར་འགྱུར་འོང་ཞེས་སྨྲས་པས། ༡༤ ཁོ་གཉིད་ལོག་པའི་དུས་སུ། དཱེ་ལི་ལཱས་ཁོའི་མགོའི་རལ་པ་བདུན་བླངས་ནས། རྒྱུ་དང་མཉམ་འཐག་སྟེ། འཐག་ཕུར་ལ་བཏགས་ནས། ཁོ་ལ། ཀྱེ་སམ་སོན། ཕེ་ལེ་ཤེད་པ་རྣམས་ཁྱོད་ཀྱི་ཐོག་ཏུ་འོང་ངོ་ཞེས་བོས་པ་དང་། ཁོ་གཉིད་བསད་དེ། བསྡམས་ཡོད་པའི་ཐགས་ཕུར་དེ་རྒྱུ་དང་མཉམ་དུ་བཏོན་ཏོ༎
༡༥ དེ་ནས་མོས་ཁོ་ལ། ཁྱོད་ཀྱི་སྙིང་ང་ལ་མ་ཆགས་ཀྱང་། ངས་ཁྱོད་ལ་གཅེས་པར་འཛིན། ཅིའི་ཕྱིར་ཁྱོད་ཀྱིས་ང་ལ་དེ་ལྟར་ཟེར་བ་ཡིན། ཁྱོད་ཀྱིས་ལན་གསུམ་ང་ལ་སྨད་ཅིང་ཁྱོད་ཀྱི་སྟོབས་ཆེན་པོ་དེ་ག་ན་ཡོད་པ་ང་ལ་བཤད་པ་མ་ཡིན། ༡༦ ཞེས་ཟེར་ཞིང་། ཉིན་རེ་བཞིན་ནན་གྱིས་སྐུལ་གྱིན་བསྡད་པས། ཁོའི་སེམས་འཆི་བ་ལ་ཐུག་པའི་བར་དུ་ཁྲུགས་སོ། ༡༧ དེར་ཁོས་མོ་ལ་རང་གི་སྙིང་གཏམ་བཤད་ཅིང་འདི་སྐད་དུ། ང་མའི་མངལ་ནས་བཟུང་སྟེ་དཀོན་མཆོག་གི་དྲུང་དུ་དམ་བཅའ་བླངས་པའི་སྐྱེས་པ་ཞིག་ཡིན། ངའི་མགོའི་ཁར་སྐྲ་གྲི་ཞིག་ནམ་ཡང་མ་བཞག་གོ། གལ་ཏེ་ངའི་སྐྲ་བཞར་ན། ངའི་སྟོབས་ང་ནས་འཐོན་པར་འགྱུར་ཏེ། ང་སྟོབས་མེད་དང་མི་གཞན་ལྟར་འགྱུར་འོང་ཞེས་སྨྲས་པས།
༡༨ དཱེ་ལི་ལཱས། ཁོས་སྙིང་གཏམ་བཤད་པར་ཤེས་པས། ཕེ་ལེ་ཤེད་པའི་རྗེ་བོ་རྣམས་ལ་ལོན་བཏང་ཞིང་དེ་དག་ལ། ཁོས་ང་ལ་སྙིང་གཏམ་ཚང་མ་བཤད་པས། ཁྱེད་རྣམས་ད་དུང་ཐེང་གཅིག་འདིར་ཕེབས་ཤིག་ཟེར་བས། ཕེ་ལེ་ཤེད་པའི་རྗེ་བོ་རྣམས་དངུལ་ལག་པར་ཁྱེར་ཏེ་འོངས་སོ། ༡༩ དེ་ནས་མོས་རང་གི་པུས་མོའི་ཁར་ཁོ་བསྙལ་ནས། མི་ཞིག་ལ་བོས་ཏེ། ཁོའི་མགོ་ཡི་རལ་པ་བདུན་པོ་དེ་བཞར་དུ་བཅུག་གོ། དེ་ནས་ཁོ་ཤེད་མེད་དུ་གྱུར་ཏེ། ཁོའི་སྟོབས་ཁོ་ནས་ཐོན་ཏོ། ༢༠ དེར་མོས། ཀྱེ་སམ་སོན། ཕེ་ལེ་ཤེད་པ་རྣམས་ཁྱོད་ཀྱི་ཐོག་ཏུ་འོང་ངོ་ཞེས་ཟེར་བས། ཁོ་གཉིད་སད་ནས། ངས་རང་གི་ལུས་སྤྲུག་སྟེ་ཐར་བར་འགྱུར་བསམས་སོ། འོན་ཀྱང་ཡ་ཧོ་ཝཱ་ཁོ་ལས་བྲལ་བ་ཡིན་པ་མ་ཤེས་སོ། ༢༡ དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་ཁོ་བཟུང་སྟེ། མིག་གཉིས་བཏོན་ནས། ག་ཟཱ་རུ་མར་ཁྲིད་དེ། ར་གན་གྱི་ཐག་པས་བཅིངས་སོ། དེ་ནས་ཁོ་བཙོན་ཁང་དུ་རང་འཐག་སྐོར་གྱིན་བསྡད་དོ། ༢༢ འོན་ཀྱང་སྐྲ་བཞར་བའི་རྗེས་སུ་ཡང་སྐྱར་སྐྲ་སྐྱེས་སོ༎
༢༣ ཡང་ཕེ་ལེ་ཤེད་པ་རྣམས་ཀྱི་རྗེ་བོ་རྣམས་ཀྱིས་རང་གི་ལྷ་དཱ་གོན་ལ་མཆོད་པ་འབུལ་བ་དང་དགའ་སྟོན་བྱེད་པར་འཛོམས་སོ། ཅི་ལ་ཞེ་ན། དེ་དག་གིས་ངེད་ཀྱི་ལྷ་ཡིས་ངེད་ཀྱི་དགྲ་བོ་སམ་སོན་དེ་ནི་ངེད་ཀྱི་ལག་ཏུ་བཏད་པ་ཡིན་ཞེས་ཟེར་ཏོ། ༢༤ མི་རྣམས་ཀྱིས་ཁོ་མཐོང་བའི་ཚེ། དེ་དག་གིས་རང་གི་ལྷ་ལ་སྟོད་པ་ཕུལ་ཏོ། ཅི་ལ་ཞེ་ན། དེ་དག་གིས། ངེད་ཀྱི་ལྷ་ཡིས་ངེད་ཀྱི་དགྲ་བོ་ངེད་ཀྱི་ཡུལ་ཤིག་མཁན་དང་ངེད་རྣམས་ཀྱི་ནང་ནས་མང་པོ་བསད་མཁན་དེ་ནི་ངེད་ཀྱི་ལག་ཏུ་བཏད་པ་ཡིན་ཞེས་ཟེར་ཏོ། ༢༥ ཡང་འདི་ལྟར་བྱུང་། དེ་དག་གི་སྙིང་ལ་དགའ་སྤྲོ་བྱུང་བའི་ཚེ་དེ་དག་གིས། ངེད་ལ་ལྟད་མོ་སྟོན་པའི་ཕྱིར་སམ་སོན་ལ་བོས་ཤིག་ཅེས་སྨྲས་པས། དེ་དག་གིས་ཁོ་བཙོན་ཁང་ནས་བཏོན་ཏེ། ཁོ་དེ་དག་ལ་ལྟད་མོ་སྟོན་དུ་བཅུག་གོ། དེ་དག་གིས་ཁོ་ཀ་བ་གཉིས་ཀྱི་བར་ལ་བཞག་གོ། ༢༦ དེ་ནས་སམ་སོན་གྱིས་ཁོ་རང་གི་ལག་པ་ནས་ཟིན་པའི་ཁྱེའུ་ལ། ང་ཁང་པ་འདི་འཁུར་བའི་ཀ་བ་གཉིས་ལ་རྟེན་པའི་ཕྱིར་རེག་ཏུ་ཆུག་ཅིག་ཅེས་ཞུས་སོ། ༢༧ ཁང་པ་དེ་སྐྱེས་པ་དང་བུད་མེད་ཀྱིས་གང་ཡོད་པ་དང་། ཕེ་ལེ་ཤེད་པའི་རྗེ་བོ་རྣམས་དེར་ཡོད་པ་ཡིན། སམ་སོན་གྱི་ལྟད་མོ་སྟོན་པ་ལ་ཐོག་གི་ཁ་ནས་ལྟ་མཁན་གྱི་སྐྱེས་པ་དང་བུད་མེད་ཀྱི་གྲངས་སྟོང་གསུམ་ཙམ་ཞིག་ཡོད་དོ༎
༢༨ དེ་ནས་སམ་སོན་གྱིས་ཡ་ཧོ་ཝཱ་ལ། བོས་ཤིང་འདི་སྐད་དུ། ཀྱེ་གཙོ་བོ་ཡ་ཧོ་ཝཱ། བདག་ཐུགས་ལ་དགོངས་པར་གསོལ། ཀྱེ་དཀོན་མཆོག བདག་གིས་ཕེ་ལེ་ཤེད་པ་རྣམས་ནས་རང་གི་མིག་གཉིས་ཀྱི་ལན་ལོན་པའི་ཕྱིར། ད་ལན་བདག་ལ་ཤེད་གནང་དུ་གསོལ་ཞུས་སོ། ༢༩ དེར་སམ་སོན་གྱིས་ཁང་པ་དེ་འཁུར་བའི་དཀྱིལ་མའི་ཀ་བ་གཉིས། གཅིག་ལག་གཡས་དང་། གཅིག་ལག་གཡོན་མ་ཡིས་བཟུང་ཞིང་ཤེད་བཏང་ནས། ༣༠ སམ་སོན་གྱིས། ང་ཡང་ཕེ་ལེ་ཤེད་པ་དང་མཉམ་དུ་འཆི་བར་ཤོག་ཅེས་བོས་ཏེ། ཁོས་ཤེད་ཚང་མས་དགུས་པ་དང་། ཁང་པ་དེ་གང་ཡོད་པའི་རྗེ་བོ་རྣམས་དང་ནང་ན་ཡོད་པའི་མི་ཚོགས་ཐམས་ཅད་ཀྱི་ཐོག་ཏུ་བརྡིབས་སོ། དེ་ལྟར་ཁོ་ཤི་བའི་ཚེ་བསད་པ་རྣམས་ཀྱི་གྲངས་ནི་ཁོ་གསོན་པོའི་དུས་སུ་བསད་པ་རྣམས་ལས་ལྷག་པར་མང་བར་གྱུར་ཏོ། ༣༡ དེ་ནས་ཁོའི་སྤུན་དང་ཁོའི་ཁང་པའི་མི་ཐམས་ཅད་མར་འོངས་ནས། ཁོ་བླང་སྟེ་ཡར་ཁྱེར་ཏེ། ཚོར་ཨ་དང་ཨེས་ཐ་ཨོལ་གྱི་བར་ན་ཁོའི་ཕ་མ་ནོ་ཨ་ཡི་དུར་ས་རུ་བསྐུངས་སོ། ཁོས་ཨིས་ར་ཨེལ་ལ་ལོ་ཉི་ཤུའི་བར་དུ་གཤགས་བྱས་སོ༎