༡༥
དུས་ཤིག་གི་རྗེས་སུ་གྲོ་རྔ་བའི་དུས་སུ། སམ་སོན་གྱིས་ར་ཕྲུག་ཅིག་ཁྲིད་ཅིང་རང་གི་ཆུང་མ་འཕྲད་དུ་སོང་སྟེ་འདི་སྐད་དུ། ང་ནང་དུ་རང་གི་ཆུང་མའི་མདུན་དུ་འགྲོ་བར་དགའ་སྨྲས་ཀྱང་། མོའི་ཕས་ཁོ་ནང་དུ་འགྲོ་བར་མ་བཅུག་གོ།  མོའི་ཕ་ན་རེ། ཁྱོད་ཀྱིས་མོ་ལ་སྡང་བར་བྱེད་ཅེས་ངས་ངེས་པར་བསམས་པ་ཡིན། དེའི་ཕྱིར་ངས་བུ་མོ་དེ་ཁྱོད་ཀྱི་གྲོགས་པོ་ལ་བྱིན་པ་ཡིན། མོའི་ནུ་མོ་དེ་ལས་མཛེས་པ་མི་འདུག་གམ། དེའི་ཚབ་ཏུ་ནུ་མོ་ལེན་ཅིག་བསྐུལ་ཀྱང་།  སམ་སོན་གྱིས་དེ་དག་ལ། ད་ལྟ་ངས་ཕེ་ལེ་ཤེད་པ་རྣམས་ལ་གནོད་པ་སྐྱེལ་ན་ཡང་། ངའི་སྐྱོན་མེད་དོ་ཞེས་སྨྲས་སོ།  ཡང་སམ་སོན་སོང་བ་དང་། ཝ་མོ་གསུམ་བརྒྱ་བཟུང་སྟེ། གཉིས་གཉིས་ཀྱི་གཞུག་གུ་སྦྲེལ་ནས། གཞུག་གུ་གཉིས་ཀྱི་བར་ལ་སྤ་འབར་བཏགས་སོ།  ཡང་ཁོས་སྤ་འབར་རྣམས་བཏག་ཚར་ཏེ། དེ་དག་ཕེ་ལེ་ཤེད་པའི་མ་རྔས་པའི་སྟོན་ཐོག་གི་ནང་དུ་བཏང་བས། ཕོན་པོ་དང་མ་རྔས་པའི་སྙེ་མ་རྣམས་དང་ཁ་སྐྱུར་པོའི་ཤིང་རྣམས་བསྲེགས་སོ།  དེར་ཕེ་ལེ་ཤེད་པ་རྣམས་ཀྱིས། འདི་ནི་སུས་བྱས་ཤེས་འདྲིས་པས་དེ་དག་གིས། སམ་སོན་་ཐིམ་ནཱ་པའི་མག་པས་དེ་ལྟར་བྱས། དེས་ཁོའི་ཆུང་མ་ཕྲོགས་ནས། ཁོའི་གྲོགས་པོ་ལ་བྱིན་ཏོ་ཞེས་ཟེར་བས། ཕེ་ལེ་ཤེད་པ་རྣམས་ཡར་སོང་སྟེ། མོ་དང་དེའི་ཕ་གཉིས་མེར་བསྲེགས་སོ།  དེར་སམ་སོན་གྱིས་དེ་དག་ལ། ཁྱོད་ཅག་གིས་དེ་ལྟར་བྱས་ན། ངས་ད་དུང་ཡང་ལན་མ་འཇལ་བའི་བར་དུ་ངལ་གསོ་བར་མི་བྱ་ཞེས་ཟེར་ཏོ།  ཡང་ཁོས་དེ་དག་གི་བརླ་ཤ་དང་དཔྱི་མགོ་རྣམས་དྲག་པོར་བརྡུངས་ནས་བསད་དེ། མར་སོང་ནས། ཨེ་ཏམ་གྱི་བྲག་ཁུང་དུ་གནས་སོ༎
 དེ་ནས་ཕེ་ལེ་ཤེད་པ་རྣམས་ཡར་འོང་སྟེ། ཡ་ཧུ་དཱ་རུ་སྒར་རྒྱབ་ཅིང་། ལེ་ཧི་ཁྱབ་པར་བྱས་སོ། ༡༠ ཡང་ཡ་ཧུ་དཱ་པ་རྣམས་ཀྱིས། ཅིའི་ཕྱིར་ཁྱོད་རྣམས་བདག་ཅག་ལ་འཐབ་འཛིང་བྱེད་དུ་འོངས་པ་ཡིན། ཞེས་འདྲིས་པའི་ལན་དུ་དེ་དག་གིས། སམ་སོན་འཆིང་བ་ལ་ངེད་རྣམས་ཡར་འོང་བ་ཡིན། ཁོས་ངེད་རྣམས་ལ་བྱས་པ་ལྟར། ངེད་རྣམས་ཀྱིས་ཁོ་ལ་བྱེད་དུ་འོང་བ་ཡིན་ཞེས་ཟེར་ཏོ། ༡༡ དེར་ཡ་ཧུ་དཱ་པ་མི་སྟོང་གསུམ་ཨེ་ཏམ་གྱི་བྲག་ཁུང་དུ་མར་སོང་ནས་སམ་སོན་ལ། ཕེ་ལེ་ཤེད་པ་རྣམས་ཀྱིས་ངེད་རྣམས་ལ་སྲིད་བྱེད་པ་ཁྱེད་ཀྱིས་མི་ཤེས་སམ། ཁྱེད་ཀྱིས་བདག་ཅག་ལ་ཅིའི་ཕྱིར་དེ་ལྟར་བྱས་པ་ཡིན། ཞེས་འདྲིས་པས་ཁོས་དེ་དག་ལ། ཁོ་རྣམས་ཀྱིས་ང་ལ་བྱས་པ་བཞིན། ངས་ཀྱང་ཁོ་རྣམས་ལ་བྱས་པ་ཡིན། ཟེར་ཏོ། ༡༢ དེ་དག་གིས་ཁོ་ལ། བདག་ཅག་གིས་ཁྱོད་བཅིང་ནས། ཕེ་ལེ་ཤེད་པའི་ལག་ཏུ་གཏོད་དུ་མར་འོང་བ་ཡིན། ཞེས་ཟེར་བས་སམ་སོན་གྱིས་དེ་དག་ལ། ཁྱོད་ཅག་རང་གིས་ང་མི་བསོད་པའི་མནའ་སྐྱོལ་ཞིག་སྨྲས་པས། ༡༣ དེ་དག་གིས་ཁོ་ལ། མིན། བདག་ཅག་གིས་ཁྱེད་བསྡམ་སྟེ། དེ་དག་གི་ལག་ཏུ་གཏོད་པར་བྱ་ན་ཡང་། བདག་ཅག་གིས་ཁྱེད་ངེས་པར་མི་གསད་སྨྲས་པས། དེ་དག་གིས་ཁོ་ཐག་པ་གསར་པ་གཉིས་ཀྱིས་བསྡམ་སྟེ། བྲག་ནས་ཡར་ཁྲིད་དོ༎
༡༤ ལེ་ཧི་རུ་བསླེབ་པའི་ཚེ། ཕེ་ལེ་ཤེད་པ་རྣམས་ཀྱིས་ཁོ་དང་ཕྲད་ནས། སྐད་ཆེན་པོ་རྒྱབས་པ་དང་། ཡ་ཧོ་ཝཱའི་ཐུགས་ཉིད་ཁོའི་སྟེང་དུ་བབ་པ་ལས། ལག་པ་བཅིངས་པའི་ཐག་པ་གཉིས་ནི་མེར་བསྲེགས་པའི་རྩྭ་ཐག་ལྟར་གྱུར་ཏེ། བཀྱིག་ཐག་རྣམས་ལག་པ་ནས་བྲལ་ཏོ། ༡༥ དེ་ནས་ཁོ་ལ་བོང་བུའི་འགྲམ་རུས་གསར་པ་ཞིག་བརྙེད་པས། ལག་པ་བརྐྱངས་ཏེ་བླང་ནས། དེ་ཡིས་མི་སྟོང་གཅིག་བསད་དོ། ༡༦ དེར་སམ་སོན་གྱིས་ཟེར་པ། བོང་བུའི་འགྲམ་རུས་གཅིག་གིས་དེ་དག་ལ་དྲག་པོར་བརྡུངས་པ་ཡིན། བོང་བུའི་འགྲམ་རུས་གཅིག་གིས་ངས་མི་སྟོང་གཅིག་བསད་པ་ཡིན།
༡༧ ཡང་འདི་ལྟར་བྱུང་། ཁོས་གཏམ་དེ་ལབ་ཚར་ཏེ། ཁོས་འགྲམ་རུས་དེ་ལག་པ་ནས་དབྱུགས་པ་ཡིན། དེ་ནས་གནས་དེའི་མིང་ནི་ར་མད་ལེ་ཧི་བཏགས་སོ༎
༡༨ དེ་ནས་ཁོ་ཤིན་ཏུ་བསྐོམས་པས། ཡ་ཧོ་ཝཱ་ལ་བོས་ཤིང་ཁོང་ལ། ཁྱེད་ཀྱིས་ཉིད་ཀྱི་གཡོག་པོའི་ལག་གིས་སྐྱབས་ཆེན་པོ་འདི་གནང་ཡང་། ད་བདག་སྐོམ་རི་ལ་འཆི་བ་དང་། མདུན་ལྤགས་མ་བཅད་པའི་ལག་ཏུ་འཆི་བར་འགྱུར་རམ་ཞེས་ཞུས་པས། ༡༩ དཀོན་མཆོག་གིས་ལེ་ཧི་རུ་དོང་ཞིག་ཕྱེ་བར་མཛད་པས། དེ་ནས་ཆུ་འཐོན་ནོ། ཁོས་འཐུང་ཚར་ཏེ། ཁོའི་དབུགས་ཡང་སྐྱར་གསོས་ནས་སྟོབས་ཅན་དུ་སོང་། དེའི་ཕྱིར་དེའི་མིང་ནི་འབོད་མཁན་གྱི་ཆུ་མིག་བཏགས་སོ། དེ་ནི་དེ་རིང་གི་བར་དུ་ལེ་ཧི་རུ་འདུག་གོ། ༢༠ ཁོས་ནི་ཕེ་ལེ་ཤེད་པ་རྣམས་ཀྱི་དུས་སུ་ཨིས་ར་ཨེལ་ལ་ལོ་ཉི་ཤུའི་བར་དུ་ཁྲིམས་བཅད་དོ༎