༡༤
དེ་ནས་སམ་སོན་་ཐིམ་ནཱ་རུ་མར་ཕྱིན་པ་དང་། ཐིམ་ནཱ་རུ་ཕེ་ལེ་ཤེད་པའི་བུ་མོ་ཞིག་མཐོང་ངོ་།  ཡང་ཡར་འོངས་ནས། རང་གི་ཕ་མ་ལ་བཤད་དེ་ཟེར་པ། ངས་ཐིམ་ནཱ་རུ་ཕེ་ལེ་ཤེད་པའི་བུ་མོ་ཞིག་མཐོང་བ་ཡིན། བུ་མོ་དེ་ནི་ང་ལ་ཆུང་མར་གནོང་ཞིག་ཅེས་ཞུས་པས།  ཁོའི་ཕ་མས་ལན་དུ། ཁྱོད་ལ་མདུན་ལྤགས་མ་བཅད་པའི་ཕེ་ལེ་ཤེད་པ་རྣམས་ནས་ཆུང་མ་ལེན་པར་འདོད་དམ། ཁྱོད་ཀྱི་སྤུན་གྱི་བུ་མོ་རྣམས་དང་ངའི་སྡེ་ཐམས་ཅད་ཀྱི་ཁྲོད་དུ་བུད་མེད་གཅིག་ཀྱང་མི་འདུག་གམ། དྲིས་པའི་ལན་དུ་སམ་སོན་གྱིས། ང་བུ་མོ་དེ་ལ་རབ་ཏུ་དགའ་བས། དེ་ནི་ངའི་ཕྱིར་གནོང་ཞིག་ཅེས་ཞུས་ཀྱང་།
 ཁོའི་ཕ་མས་ནི། ཡ་ཧོ་ཝཱས་ཕེ་ལེ་ཤེད་པ་རྣམས་དང་འཐབ་འཛིང་བྱེད་པའི་སྐབས་ཤིག་འཚོལ་བས། དེ་ནི་ཁོང་གིས་གནང་བ་ཡིན་པར་མ་ཤེས་སོ། ཅིའི་ཕྱིར་ཞེ་ན། དེའི་དུས་སུ་ཕེ་ལེ་ཤེད་པ་རྣམས་ཀྱིས་ཨིས་ར་ཨེལ་ལ་སྲིད་བྱས་སོ༎
 དེའི་རྗེས་སུ་སམ་སོན་རང་གི་ཕ་མ་དང་མཉམ་དུ་ཐིམ་ནཱ་རུ་མར་ཕྱིན་ནས། ཐིམ་ནཱ་ཡི་རྒུན་ཚལ་རྣམས་ལ་བསླེབས་པ་དང་། ལྟོས་ཤིག སེང་གེ་དར་མ་ཞིག་གིས་ངར་སྐད་བཏོན་ཏེ། མདུན་དུ་བྱུང་ངོ་།  དེ་ནས་ཡ་ཧོ་ཝཱའི་ཐུགས་ཉིད་ཁོའི་སྟེང་དུ་བབ་པ་ལས། ཁོའི་ལག་ཏུ་གང་ཡང་མེད་ཀྱང་། ཁོས་སེང་གེ་དེ་ནི་ར་ཕྲུག་ཅིག་གསོད་པ་ལྟར་བསད་དོ། ཡང་ཁོས་གང་བྱས་པ་དེ་ནི་རང་གི་ཕ་མ་ལ་མ་བཤད་དོ།  ཡང་མར་ཕྱིན་ནས། ཁོས་བུད་མེད་དེ་དང་གཏམ་ལབ་པ་དང་། སམ་སོན་དགའ་བར་གྱུར་ཏོ།  དུས་ཤིག་གི་རྗེས་སུ་ཁོ་བུ་མོ་དེ་ལེན་དུ་ཕྱིན་ཏེ། སེང་གེའི་རོ་ལ་ལྟ་བར་འདོད་ནས་སོང་བ་དང་། ཀྱེ་ཧོ། སེང་གེའི་རོའི་ནང་ན་སྦྲང་མའི་ཚོགས་དང་སྦྲང་རྩི་ཡོད་པ་ཡིན།  དེ་ནི་ལག་ཏུ་བླངས་ནས། ཟ་ཞིང་སོང་བ་དང་། རང་གི་ཕ་མའི་མདུན་དུ་འོང་སྟེ། དེ་གཉིས་ལ་ཡང་བྱིན་པས། དེ་གཉིས་ཀྱིས་ཟོས་སོ། འོན་ཀྱང་ཁོས་སྦྲང་རྩི་དེ་སེང་གེའི་རོའི་ནང་ནས་བླངས་པ་ཡིན་པར་མ་བཤད་དོ༎
༡༠ དེ་ནས་ཁོའི་ཕ་བུད་མེད་དེའི་རྩར་མར་ཕྱིན་པ་དང་། སམ་སོན་གྱིས་མགྲོན་ཞིག་བཤམས་སོ། ཅི་ལ་ཞེ་ན། གཞོན་ནུ་རྣམས་ཀྱི་ལུགས་སྲོལ་དེ་ལྟར་ཡོད་པ་ཡིན། ༡༡ ཡང་མི་རྣམས་ཀྱིས་ཁོ་མཐོང་ནས། དེ་དག་གིས་ཁོ་དང་མཉམ་དུ་སྡོད་པ་ལ་གྲོགས་སུམ་ཅུ་དེར་ཁྲིད་དོ། ༡༢ སམ་སོན་གྱིས་དེ་དག་ལ། ངས་ཁྱོད་རྣམས་ལ་ཚོད་ལྡེམ་ཞིག་འདྲི་བར་བྱ། གལ་ཏེ་ཁྱོད་རྣམས་ཀྱིས་མགྲོན་གྱི་ཞག་བདུན་གྱི་བར་དུ་ང་ལ་བཤད་དེ་སྟོན་པར་ནུས་ན། ངས་ཁྱོད་ཅག་ལ་རས་གོས་སུམ་ཅུ་དང་གོས་བཟང་པོ་སུམ་ཅུ་སྦྱིན་པར་བྱ། ༡༣ གལ་ཏེ་ཁྱོད་ཅག་གིས་ང་ལ་དེ་སྟོན་པར་མ་ཐུབ་ན། ཁྱོད་ཅག་གིས་ང་ལ་རས་གོས་སུམ་ཅུ་དང་གོས་བཟང་པོ་སུམ་ཅུ་གཏོང་བར་དགོས་སོ། ཞེས་སྨྲས་ཏེ། དེ་དག་གིས་ཁོ་ལ། ཁྱོད་ཀྱི་ཚོད་ལྡེམ་དེ་ཤོད། ངེད་རྣམས་ཀྱིས་དེ་ཉན་པར་དགའོ་ཞེས་ཟེར་ཏོ། ༡༤ དེར་ཁོས་དེ་དག་ལ། ཟ་མཁན་ནས་ཟས་ཐོན། སྟོབས་ཅན་ནས་མངར་མོ་ཐོན། ཞེས་པའི་ཚོད་ལྡེམ་དེའི་དོན་དེ་དག་གིས་ཉིན་གསུམ་གྱི་བར་དུ་བཤད་མ་ཐུབ་པས།
༡༥ ཞག་བཞི་པ་ལ་དེ་དག་གིས་སམ་སོན་གྱི་ཆང་མ་ལ། ངེད་རྣམས་ལ་ཚོད་ལྡེམ་དེ་བཤད་པའི་ཕྱིར་ཁྱོད་ཀྱི་ཁྱོ་སླུས། དེ་མིན། ང་རྣམས་ཀྱིས་ཁྱོད་དང་ཁྱོད་ཀྱི་ཕའི་ཁང་པ་མེར་སྲེག་པར་བྱ། ཁྱོད་ཅག་གིས་ངེད་དབུལ་ཕོངས་བྱེད་དུ་བོས་པ་ཡིན་ནམ། ཟེར་ཏོ། ༡༦ དེར་སམ་སོན་གྱི་ཆུང་མ་ཁོའི་མདུན་དུ་ངུ་ཞིང་ཟེར་པ། ཁྱོད་ཀྱིས་ང་ལ་དགྲ་བྱེད་དེ། བྱམས་པོ་མི་བྱེད། ཁྱོད་ཀྱིས་ངའི་བརྒྱུད་ཀྱི་མི་རྣམས་ནས་ཚོད་བྱ་ཞིག་འདྲིས་ཀྱང་། ང་ལ་དེ་ནི་བཤད་པ་མ་ཡིན། ཞེས་པའི་ལན་དུ་ཁོས། ལྟོས། ངས་རང་གི་ཕའམ་མ་ལ་ཡང་དེ་ནི་མ་བཤད་པ་ཡིན། དེ་ནས་ཁྱོད་ལ་ཇི་འཆད་པར་བྱའམ་སྨྲས་སོ། ༡༧ བུ་མོ་ཁོའི་མདུན་དུ་མགྲོན་མ་ཚར་བའི་ཞག་བདུན་གྱི་བར་དུ་ངུ་ཞིང་བསྡད་པས། ཞག་བདུན་པར་བུ་མོ་ལ་བཤད་དོ། ཅིའི་ཕྱིར་ཞེ་ན། བུ་མོས་ཁོ་ལ་སྡུག་མང་པོ་གཏོང་གིན་འདུག་གོ། དེ་ནས་བུ་མོས་ཚོད་བྱ་དེ་རང་གི་བརྒྱུད་ཀྱི་མི་རྣམས་ལ་བཤད་དོ། ༡༨ དེ་ནས་ཞག་བདུན་པར། ཉི་མ་མ་རྒས་པའི་སྔོན་ལ། གྲོང་ཁྱེར་པ་རྣམས་ཀྱིས་ཁོ་ལ། སྦྲང་རྩི་ལས་མངར་བ་ཅི་ཡོད། སེང་གེ་ལས་སྟོབས་ཆེ་བ་སུ་ཡོད། ཞེས་སྨྲས་པའི་ལན་དུ་ཁོས་དེ་དག་ལ། ཁྱོད་ཅག་གིས་ངའི་བེའུ་ཡིས་རྨོས་པ་མ་ཡིན་ན། ངའི་ཚོད་བྱ་དེ་ཚོད་པ་མ་ཡིན་ཞེས་ཟེར་ཏོ༎
༡༩ དེ་ནས་ཡ་ཧོ་ཝཱའི་ཐུགས་ཉིད་ཁོའི་སྟེང་དུ་བབས་པས། ཁོ་ཨས་ཀ་ལོན་དུ་མར་ཕྱིན་ནས། དེར་མི་སུམ་ཅུ་བསད་པ་དང་། དེ་དག་གི་གོས་བླང་སྟེ། གོས་དེ་རྣམས་ཚོད་ལྡེམ་ཚོད་མཁན་རྣམས་ལ་བྱིན་ཏོ། ཡང་ཁོ་ཁྲོས་ནས། རང་གི་ཕའི་ཁང་པར་ཕྱིན་ཏོ། ༢༠ འོན་ཀྱང་སམ་སོན་གྱི་ཆུང་མ་ནི་ཁོས་མཛའ་བོར་བཟུངས་པའི་གྲོགས་པོ་ཞིག་ལ་བཏང་བར་གྱུར་ཏོ༎