༡༣
དེ་ནས་ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་སྤྱད་པ་ལས། ཡ་ཧོ་ཝཱས་དེ་དག་ལོ་བཞི་བཅུའི་བར་དུ་ཕེ་ལེ་ཤེད་པའི་ལག་ཏུ་གནང་ངོ་༎
 དཱན་པའི་སྡེ་ཡི་ཚོར་ཨ་ནས་མ་ནོ་ཨ་བྱ་བའི་མི་ཞིག་ཡོད་དེ་མི་དེའི་ཆུང་མ་རབས་ཆད་མ་ཡིན་པས། ཕྲུ་གུ་མ་སྐྱེས་སོ།  དེ་ནས་ཡ་ཧོ་ཝཱའི་ཕོ་ཉ་ཞིག་བུད་མེད་དེའི་མདུན་བྱུང་ནས་མོ་ལ། ཀྱེ་ཧོ། ཁྱོད་རབས་ཆད་མ་ཡིན་ཏེ། སྐྱེས་རྒྱུ་མེད་ཀྱང་། ཁྱོད་མངལ་དང་ལྡན་པར་གྱུར་ཏེ། བུ་ཞིག་སྐྱེ་བར་འགྱུར་རོ།  ད་དེ་བས་ན་ཟོན་གྱིས་ལ། རྒུན་ཆང་ངམ་སྨྱོ་བྱེད་ཀྱི་ཆང་མ་འཐུང་སྟེ། མི་གཙང་བ་ཅིའང་མ་ཟ།  ཅིའི་ཕྱིར་ཞེ་ན། ལྟོས་ཤིག ཁྱོད་མངལ་དང་ལྡན་པར་གྱུར་ཏེ། བུ་ཞིག་སྐྱེ་བར་འགྱུར། བུ་དེའི་མགོ་ལ་སྐྲ་གྲི་ཞིག་རེག་མི་ཆོག་པ་དང་། ཕྲུ་གུ་དེ་མངལ་ནས་བཟུང་སྟེ། དཀོན་མཆོག་གི་དམ་པ་ལ་འགྱུར་ཏེ། ཨིས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་ལག་ནས་ཐར་དུ་འཇུག་པར་བརྩོམ་པར་འགྱུར་རོ།  ཞེས་སྨྲས་པས་བུད་མེད་དེ་འོང་སྟེ། རང་གི་ཁྱོ་ལ་བཤད་དེ་འདི་སྐད་དུ། དཀོན་མཆོག་གི་སྐྱེས་པ་ཞིག་ངའི་མདུན་དུ་འོངས་སོ། དེའི་གདོང་དཀོན་མཆོག་གི་ཕོ་ཉ་ཞིག་གི་གདོང་ལྟར་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཡོད་པ་ཡིན། འོན་ཀྱང་ངས་དེ་ལ། ཁྱོད་གང་ནས་ཡིན་མ་དྲིས། ཁོས་ཀྱང་ང་ལ་རང་གི་མིང་མ་བཤད་དོ།  དེས་ང་ལ། ལྟོས། ཁྱོད་མངལ་དང་ལྡན་པར་འགྱུར་ཏེ། བུ་ཞིག་སྐྱེ་བར་འགྱུར། ད་ཁྱོད་ཀྱིས་རྒུན་ཆང་ངམ་སྨྱོ་བྱེད་ཀྱི་ཆང་མ་འཐུང་སྟེ། མི་གཙང་བ་ཅིའང་མ་ཟ། ཅི་ལ་ཞེ་ན། ཕྲུ་གུ་དེ་མངལ་ནས་འཆི་བའི་ཞག་གི་བར་དུ། དཀོན་མཆོག་གི་དམ་པ་ཞིག་ཡིན་པར་འགྱུར་གསུང་བྱུང་ཅེས་སྨྲས་སོ༎
 དེར་མ་ནོ་ཨས་ཡ་ཧོ་ཝཱ་ལ་ཞུ་བ་ཕུལ་ཞིང་འདི་སྐད་དུ། ཀྱེ་བདག་གི་གཙོ་བོ། ཁྱེད་ཀྱིས་མངགས་པའི་དཀོན་མཆོག་གི་སྐྱེས་པ་དེ་བདག་ཅག་གི་མདུན་དུ་ཡང་སྐྱར་འོང་དུ་གནོང་། ཡང་ཕྲུ་གུ་སྐྱེ་བར་འགྱུར་བ་དེ་ལ་བདག་ཅག་གིས་ཅི་བྱེད་དགོས་པ་སྟོན་པར་མཛོད་ཅེས་ཞུས་སོ།  དཀོན་མཆོག་གིས་མ་ནོ་ཨ་ཡི་སྐད་ལ་གསན་ཏེ། བུད་མེད་དེ་ཞིང་ལ་ཡོད་པའི་ཚེ། དཀོན་མཆོག་གི་ཕོ་ཉ་དེ་ཡང་སྐྱར་མོའི་མདུན་དུ་འོངས་སོ། དེའི་དུས་སུ་ཁྱོ་མ་ནོ་ཨ་དེ་ནི་མོ་དང་མཉམ་དུ་མེད་པ་ཡིན། ༡༠ དེར་བུད་མེད་དེ་རྒྱུགས་ནས། རང་གི་ཁྱོ་ལ་བཤད་དེ་ཁོ་ལ། ལྟོས་ཤིག འདས་ཞག་ངའི་མདུན་དུ་འོངས་པའི་མི་དེ་ད་ལྟ་ཡང་ང་ལ་མངོན་པར་གྱུར་ཏོ་ཞེས་སྨྲས་སོ། ༡༡ དེར་མ་ནོ་ཨ་ལངས་ཏེ། རང་གི་ཆུང་མའི་རྗེས་སུ་སོང་བ་དང་། མི་དེའི་མདུན་དུ་འོངས་སྟེ་དེ་ལ། ཁྱེད་ནི་བུད་མེད་ལ་གཏམ་བྱས་པའི་མི་དེ་ཡིན་ནམ་ཞུས་པས། དེས་ང་ཡིན་སྨྲས་སོ། ༡༢ དེ་ནས་མ་ནོ་ཨས་དེ་ལ། ཁྱེད་ཀྱི་གཏམ་རྣམས་འགྲུབ་ན། ཕྲུ་གུ་དེ་ལ་ཅི་ལྟར་བྱེད་དགོས། དེ་ནི་ཅི་ལྟར་སྲུང་དགོས། ཞེས་དྲིས་པས། ༡༣ ཡ་ཧོ་ཝཱའི་ཕོ་ཉ་དེས་མ་ནོ་ཨ་ལ། ངས་སྨྲས་པ་ཐམས་ཅད་ལ་བུད་མེད་དེས་གཅང་བྱེད་པའི་རིགས་སོ། ༡༤ མོས་རྒུན་ཤིང་ནས་འབྱུང་བའི་དངོས་པོ་ཅིའང་ཟ་བར་མི་རུང་སྟེ། རྒུན་ཆང་ངམ་སྨྱོ་བྱེད་ཀྱི་ཆང་འཐུང་མི་ཆོག མི་གཙང་བ་ཅིའང་ཟ་མི་ཆོག ངས་མོ་ལ་བཀའ་གནང་བ་ཐམས་ཅད་སྲུང་བའི་རིགས་སོ། གསུངས་པས།
༡༥ མ་ནོ་ཨས་ཡ་ཧོ་ཝཱའི་ཕོ་ཉ་ལ། ཁྱེད་ཅུང་ཟད་སྒུག་སྟེ་བཞུགས་ཤིག བདག་ཅག་གིས་ཁྱེད་ཀྱི་ཆེད་དུ་ར་ཕྲུག་ཅིག་ཤོམ་པར་བྱ་ཞུས་པ་དང་། ༡༦ ཡ་ཧོ་ཝཱའི་ཕོ་ཉས་མ་ནོ་ཨ་ལ། ཁྱོད་ཀྱིས་ང་འདི་རུ་བཀག་ཀྱང་། ངས་ཁྱོད་ཀྱི་བག་ལེབ་མི་ཟ། གལ་ཏེ་ཁྱོད་སྦྱིན་སྲེག་གི་མཆོད་པ་ཞིག་འབུལ་བར་འདོད་ན། ཁྱོད་ཀྱིས་ཡ་ཧོ་ཝཱ་ལ་འབུལ་བའི་རིགས་སོ། ཅི་ལ་ཞེ་ན། མ་ནོ་ཨས་དེ་ནི་ཡ་ཧོ་ཝཱའི་ཕོ་ཉ་ཞིག་ཡིན་པ་མ་ཤེས་སོ། ༡༧ ཡང་མ་ནོ་ཨས་ཡ་ཧོ་ཝཱའི་ཕོ་ཉ་ལ། ཁྱེད་ཀྱི་མཚན་ལ་ཅི་སྐད་བྱ། ཁྱེད་ཀྱི་གསུང་རྣམས་འགྲུབ་པའི་ཚེ། བདག་ཅག་གིས་ཁྱེད་ལ་སྟོད་པ་འབུལ་བར་དགའ། ༡༨ ཞེས་དྲིས་པའི་ལན་དུ་ཡ་ཧོ་ཝཱའི་ཕོ་ཉས་ཁོ་ལ། ཁྱོད་ཀྱིས་ངའི་མིང་གསང་བ་ཡིན་པ་ཤེས་བཞིན་དུ། ཅིའི་ཕྱིར་འདྲིས་པ་ཡིན་ཞེས་གསུངས་སོ། ༡༩ དེ་ནས་མ་ནོ་ཨས་ར་ཕྲུག་ཅིག་ཞལ་ཟས་ཀྱི་མཆོད་པ་དང་བཅས་བླངས་ནས། ཕ་བོང་ཞིག་གི་སྒང་ལ་ཡ་ཧོ་ཝཱ་ལ་ཕུལ་ཏོ། དེའི་སྐབས་སུ་མ་ནོ་ཨ་དང་དེའི་ཆུང་མའི་མཐོངས་རུ་ཕོ་ཉ་དེས་ཡ་མཚན་གྱི་བྱ་བ་བྱས་སོ། ༢༠ གང་ལ་ཞེ་ན། མཆོད་ཁྲི་ནས་མེ་ལྕེ་ནམ་མཁའི་ཕྱོགས་སུ་འཐོན་པའི་ཚེ། ཡ་ཧོ་ཝཱའི་ཕོ་ཉ་མེ་ལྕེ་ཡི་ནང་ན་མཆོད་ཁྱི་ནས་ནམ་མཁར་འཛེགས་སོ། ཡང་མ་ནོ་ཨ་དང་ཁོའི་ཆུང་མས་དེ་མཐོང་བས། ས་ལ་ཁ་འབུབ་ཏུ་གྱེལ་ཏོ༎
༢༡ ཡ་ཧོ་ཝཱའི་ཕོ་ཉ་དེ་མ་ནོ་ཨ་དང་དེའི་ཆུང་མ་ལ་ཡང་སྐྱར་མངོན་པར་མ་གྱུར་ཏོ། དེ་ནས་མ་ནོ་ཨས་དེ་ནི་ཡ་ཧོ་ཝཱའི་ཕོ་ཉ་ཞིག་ཡིན་པར་ཤེས་སོ། ༢༢ དེ་ནས་མ་ནོ་ཨས་རང་གི་ཆུང་མ་ལ། བདག་ཅག་གིས་དཀོན་མཆོག་མཇལ་བས། བདག་ཅག་འཆི་བར་འགྱུར་ཞེས་སྨྲས་པར། ༢༣ ཁོའི་ཆུང་མས། ཡ་ཧོ་ཝཱས་བདག་ཅག་གསོད་པར་མཉེས་ན། ཁོང་གིས་བདག་ཅག་གི་ལག་ནས་སྦྱིན་སྲེག་གི་མཆོད་པ་དང་ཞལ་ཟས་ཀྱི་མཆོད་པ་བཞེས་ཏེ། ཁོང་གིས་བདག་ཅག་ལ་འདི་ཐམས་ཅད་བསྟན་པ་མ་ཡིན། ད་ལྟའི་གཏམ་རྣམས་ཀྱང་གསུངས་པ་མ་ཡིན་ཞེས་སྨྲས་སོ། ༢༤ དེ་ནས་བུད་མེད་དེ་ལ་བུ་ཞིག་སྐྱེས་ནས། དེའི་མིང་སམ་སོན་བཏགས་སོ། ཡང་ཕྲུ་གུ་དེ་ཆེར་སྐྱེས་ནས། ཡ་ཧོ་ཝཱས་དེ་ལ་བྱིན་རླབས་མཛད་དོ། ༢༥ ཡ་ཧོ་ཝཱའི་ཐུགས་ཉིད་ཀྱིས་ཁོ་ལ་ཚོར་ཨ་དང་ཨེས་ཐ་ཨོལ་གྱི་མཚམས་སུ་ཡོད་པའི་མ་ཧ་ནེ་དཱན་དུས་དུས་སུ་བསྐུལ་བར་མཛད་དོ༎