༡༢
དེ་ནས་ཨེབ་ར་ཨིམ་པ་རྣམས་ལྷན་ཅིག་ཏུ་འདུས་ཏེ། བྱང་ཕྱོགས་སུ་སོང་ནས། ཡེབ་ཐཱ་ལ། ཁྱོད་ཨམ་མོན་གྱི་བུ་རྣམས་ལ་འཐབ་འཛིང་བྱེད་པར་ཕར་ཕྱོགས་སུ་འཐོན་པའི་ཚེ། བདག་ཅག་ཁྱེད་དང་མཉམ་དུ་འགྲོ་བ་ལ་ཅིའི་ཕྱིར་མ་བོས་པ་ཡིན། ད་བདག་ཅག་གིས་ཁྱོད་ཀྱི་ཁང་པ་ཁྱོད་རང་གི་ཐོག་ཏུ་མེར་སྲེག་པར་བྱ་སྨྲས་པས། ༢ ཡེབ་ཐཱས་ལན་དུ། ང་དང་ངའི་མི་རྣམས་ཨམ་མོན་གྱི་བུ་རྣམས་དང་དྲག་པོར་འཁྲུགས་པའི་ཚེ། ངས་ཁྱོད་ཅག་ལ་བོས་པར་བྱས་ཀྱང་། ཁྱོད་ཅག་གིས་ང་དེ་དག་གི་ལག་པ་ནས་ཐར་བར་མ་བྱས་པ་ཡིན། ༣ ཁྱོད་རྣམས་ཀྱིས་གྲོགས་བྱེད་པར་ངས་མ་མཐོང་བས། ངས་རང་གི་སྲོག་ལག་མཐིལ་དུ་བཞག་ནས། ཨམ་མོན་གྱི་བུ་རྣམས་ལ་འཐབ་འཛིང་བྱེད་དུ་སོང་བ་ཡིན། ཡང་ཡ་ཧོ་ཝཱས་དེ་དག་ངའི་ལག་ཏུ་གནང་ངོ་། དེ་རིང་གི་ཉིན་པར་ཁྱོད་ཅག་ཅིའི་ཕྱིར་ངའི་ཕྱོགས་སུ་ང་ལ་འཐབ་འཛིང་བྱེད་པར་འོང་ཞེས་སྨྲས་པས། ༤ ཡེབ་ཐཱས་གིལ་ཨད་ཀྱི་མི་ཐམས་ཅད་བསྡུས་ཏེ། ཨེབ་ར་ཨིམ་པ་རྣམས་དང་དམག་རྒྱབ་པས། གིལ་ཨད་པ་རྣམས་ཀྱིས་ཨེབ་ར་ཨིམ་པ་རྣམས་འཕམ་དུ་བཅུག་གོ། ཅིའི་ཕྱིར་ཞེ་ན། གིལ་ཨད་ནི་ཨེབ་ར་ཨིམ་དང་མ་ན་ཤེའི་དཀྱིལ་དུ་ཡིན་པས། དེ་དག་གིས་ཁྱོད་ཅག་ཨེབ་ར་ཨིམ་ནས་བྲོས་མཁན་ཡིན་ཞེས་སྨྲས་སོ། ༥ གིལ་ཨད་པ་རྣམས་ཀྱིས་ཨེབ་ར་ཨིམ་པ་རྣམས་ཀྱི་ཐད་དུ་ཡོད་པའི་ཡོར་དན་གྱི་ཆུ་རབས་རྣམས་བཟུང་སྟེ་འདི་ལྟར་བྱས། བྲོས་སོང་བའི་ཨེབ་ར་ཨིམ་པ་རྣམས་ཀྱིས། ང་ཕར་ཕྱོགས་སུ་འགྲོ་ཆུག་ཞུ་བའི་ཚེ། གིལ་ཨད་པ་རྣམས་ཀྱིས་དེ་ལ། ཁྱོད་ཨེབ་ར་ཨིམ་པ་ཡིན་ནམ་ཞེས་དྲིས་སོ། གལ་ཏེ་ཁོས་མིན་ཟེར་ན། ༦ དེ་དག་གིས་ཁོ་ལ། ཤིབ་བོ་ལེད་སྨྲོས་ཟེར་བས། ཁོས་དེ་གསལ་པོར་སྨྲ་མ་ནུས་པར། སིབ་བོ་ལེད་སྨྲས་སོ། དེ་ནས་དེ་དག་གིས་ཁོ་བཟུང་བ་དང་། ཡོར་དན་གྱི་རབས་རྣམས་ཀྱི་གནས་སུ་བསད་དོ། དེའི་དུས་སུ་ཨེབ་ར་ཨིམ་པ་མི་སྟོང་བཞི་བཅུ་ཞེ་གཉིས་བསད་དོ༎༧ ཡེབ་ཐཱས་ཨིས་ར་ཨེལ་པ་རྣམས་ལ་ལོ་དྲུག་གི་བར་དུ་ཁྲིམས་བྱས། དེ་ནས་གིལ་ཨད་པ་ཡེབ་ཐཱ་ཚེ་འདས་ནས། གིལ་ཨད་ཀྱི་གྲོང་ཁྱེར་ཞིག་གི་ནང་དུ་དུར་དུ་བཙུད་དོ༎
༨ དེའི་རྗེས་སུ་བེད་ལེ་ཧེམ་པ་ཨིབ་ཙན་གྱིས་ཨིས་ར་ཨེལ་ལ་ཁྲིམས་བྱས་སོ། ༩ དེ་ལ་བུ་སུམ་ཅུ་དང་བུ་མོ་སུམ་ཅུ་ཡོད་པ་ལས། ཁོས་དེ་དག་ཕྱི་ལོག་ལ་བག་མར་བཏང་བས། ཕྱི་ལོག་ནས་བུ་མོ་སུམ་ཅུ་རང་གི་བུ་རྣམས་ལ་བག་མར་གནང་སྟེ། ལོ་བདུན་གྱི་བར་དུ་ཨིས་ར་ཨེལ་ལ་ཁྲིམས་བྱས་ནས། ༡༠ ཨིབ་ཙན་ཚེ་ཕོས་ཏེ། བེད་ལེ་ཧེམ་དུ་བསྐུངས་སོ༎
༡༡ དེའི་རྗེས་སུ་ཟེ་བུ་ལོན་པ་ཨེ་ལོན་གྱིས་ཨིས་ར་ཨེལ་ལ་ཁྲིམས་བྱས་ཏེ། ཨིས་ར་ཨེལ་ལ་ལོ་བཅུའི་བར་དུ་ཁྲིམས་བྱས། ༡༢ ཟེ་བུ་ལོན་པ་ཨེ་ལོན་ཚེ་འདས་ནས། ཟེ་བུ་ལོན་གྱི་ཡུལ་ན་ཨ་ཡ་ལོན་དུ་དུར་དུ་བཙུད་དོ༎
༡༣ དེའི་རྗེས་སུ་པི་ར་ཐོན་པ་ཧིལ་ལེལ་གྱི་བུ་ཨབ་དོན་གྱིས་ཨིས་ར་ཨེལ་ལ་ཁྲིམས་བྱས་སོ། ༡༤ དེ་ལ་བུ་བཞི་བཅུ་དང་ཚ་བོ་སུམ་ཅུ་བོང་ཕྲུག་བདུན་ཅུའི་ཁར་ཞོན་མཁན་ཡོད་པ་ཡིན། ཁོས་ཨིས་ར་ཨེལ་ལ་ལོ་བརྒྱད་ཀྱི་བར་དུ་ཁྲིམས་བྱས་སོ། ༡༥ དེ་ནས་པི་ར་ཐོན་པ་ཧིལ་ལེལ་གྱི་བུ་ཨབ་དོན་ཚེ་ཕོས་ནས། ཨ་མ་ལེག་པའི་རི་ན་ཨེབ་ར་ཨིམ་གྱི་པི་ར་ཐོན་དུ་དུར་དུ་བཙུད་དོ༎