༡༡
གིལ་ཨད་པ་ཡེབ་ཐཱ་ནི་མི་རྩལ་ཅན་ཞིག་ཡིན་ཀྱང་། སྨད་ཚོང་མ་ཞིག་གི་བུ་དང་། དེའི་ཕ་ནི་གིལ་ཨད་ཡོད་པ་ཡིན།  ཡང་གིལ་ཨད་ཀྱི་ཆུང་མ་ལ་བུ་རྣམས་སྐྱེས་པ་དང་། ཆུང་མའི་བུ་རྣམས་ན་ཚོད་ལོན་པ་དང་། དེ་དག་གིས་ཡེབ་ཐཱ་བཏོན་བཏང་ནས་དེ་ལ། ཁྱོད་བུད་མེད་གཞན་ཞིག་གི་བུ་ཡིན་པས། ངེད་ཀྱི་ཕའི་ཁང་པ་ལ་ཁྱོད་ལ་ནོར་སྐལ་མི་རྙེད། སྨྲས་པས།  ཡེབ་ཐཱ་རང་གི་སྤུན་རྣམས་ཀྱི་མདུན་ནས་བྲོས་པ་དང་། ཏོབ་ཀྱི་ཡུལ་ན་གནས་སོ། དེར་ཡེབ་ཐཱ་ཡི་མདུན་དུ་མི་གཡག་སྐྱ་རྣམས་འདུས་ཏེ། དེ་དག་ཁོ་དང་བཅས་ཕྱི་ལ་འཐོན་ཏེ་འགྲུལ་ལོ༎
 དུས་ཤིག་ན་ཨམ་མོན་གྱི་བུ་རྣམས་ཀྱིས་ཨིས་ར་ཨེལ་ལ་དམག་བརྒྱབས་པས།  ཨམ་མོན་གྱི་བུ་རྣམས་ཀྱིས་ཨིས་ར་ཨེལ་པ་དང་འཐབ་འཛིང་བྱེད་པའི་ཚེ། གིལ་ཨད་ཡུལ་གྱི་རྒད་པོ་རྣམས་ཡེབ་ཐཱ་དེ་ནི་ཏོབ་ཀྱི་ཡུལ་ནས་འདྲེན་དུ་ཕྱིན་ཏེ།  དེ་དག་གིས་ཡེབ་ཐཱ་ལ། ཕེབས་ལ། བདག་ཅག་གི་དཔོན་པོ་མཛོད། བདག་ཅག་གིས་ཨམ་མོན་གྱི་བུ་རྣམས་ལ་འཐབ་འཛིང་བྱེད་པར་བྱ་ཞེས་ཟེར་བས།  ཡེབ་ཐཱས་གིལ་ཨད་ཀྱི་རྒད་པོ་རྣམས་ལ། ཁྱོད་ཅག་གིས་ང་ལ་སྡང་བར་བྱས་ཏེ། ངའི་ཕའི་ཁང་པ་ནས་བཏོན་བཏང་བ་མ་ཡིན་ནམ། ད་ལྟ་ཁྱོད་ཅག་ལ་སྡུག་བསྔལ་ཕོག་པའི་ཚེ། ངའི་མདུན་དུ་ཅིའི་ཕྱིར་འོང་ཞེས་དྲིས་པའི་ལན་དུ།  གིལ་ཨད་ཀྱི་རྒད་པོ་རྣམས་ཀྱིས་ཡེབ་ཐཱ་ལ། ད་ལྟ་བདག་ཅག་འདིའི་དོན་དུ་ཁྱེད་ཀྱི་དྲུང་དུ་འོང་། ཁྱེད་བདག་ཅག་དང་མཉམ་དུ་འོང་སྟེ། ཨམ་མོན་གྱི་བུ་རྣམས་ལ་འཐབ་འཛིང་བྱེད་དུ་འགྲོ་ན། ཁྱེད་ནི་བདག་ཅག་དང་གིལ་ཨད་པ་ཐམས་ཅད་ཀྱི་དཔོན་པོར་རྩི་བར་འགྱུར་རོ་ཞེས་སྨྲས་པས།  ཡེབ་ཐཱས་གིལ་ཨད་ཀྱི་རྒད་པོ་རྣམས་ལ། གལ་ཏེ་ཁྱོད་ཅག་གིས་ང་ནི་ཨམ་མོན་གྱི་བུ་རྣམས་ལ་སླར་ཡང་འཐབ་འཛིང་བྱེད་དུ་ཁང་པ་ལ་ཁྲིད་དེ། ཡ་ཧོ་ཝཱས་དེ་དག་ངའི་མདུན་དུ་འཕམ་པར་མཛད་ན། ང་ཁྱོད་རྣམས་ཀྱི་དཔོན་པོར་འགྱུར་བར་ཁྱོད་དགའ་འམ་ཞེས་དྲིས་པས། ༡༠ གིལ་ཨད་ཀྱི་རྒད་པོ་རྣམས་ཀྱིས་ཡེབ་ཐཱ་ལ། གལ་ཏེ་བདག་ཅག་གིས་ཁྱེད་ཀྱིས་སྨྲས་པ་བཞིན་མི་བྱེད་ན། ཡ་ཧོ་ཝཱས་ངེད་རྣམས་ཀྱི་བར་ལ་དཔང་པོ་མཛོད་ཅིག་ཞུས་སོ། ༡༡ དེར་ཡེབ་ཐཱ་་གིལ་ཨད་ཀྱི་རྒད་པོ་རྣམས་དང་མཉམ་སོང་ནས། མི་ཚོགས་ཀྱིས་དེ་ནི་དཔོན་པོ་དང་འདེད་དཔོན་དུ་བསྐོས་ནས། ཡེབ་ཐཱས་མིས་པཱ་རུ་ཡ་ཧོ་ཝཱའི་དྲུང་དུ་རང་གི་དམ་བཅའ་ཐམས་ཅད་ཞུས་སོ༎
༡༢ དེ་ནས་ཡེབ་ཐཱས་ཨམ་མོན་གྱི་བུ་རྣམས་ཀྱི་རྒྱལ་པོའི་དྲུང་དུ་བང་ཆེན་བཏང་སྟེ་དེ་ལ། ཁྱོད་ནི་ངའི་ཡུལ་དུ་ང་ལ་དམག་རྒྱག་ཏུ་འོངས་པའི་དོན་ཅི་ཡིན། ༡༣ ཨམ་མོན་གྱི་བུ་རྣམས་ཀྱི་རྒྱལ་པོས་ཡེབ་ཐཱའི་བང་ཆེན་རྣམས་ལ་ལན་དུ་འདི་སྐད་དུ། ཨིས་ར་ཨེལ་ནི་མི་སེར་ནས་འཐོན་པའི་ཚེ། དེས་ནི་ངའི་ཡུལ་ཨར་ནོན་ནས་ཡབ་བོག་དང་ཡོར་དན་གྱི་བར་དུ་བཟུང་བས། ཁྱོད་ཀྱིས་ཡུལ་དེ་རྣམས་ནི་བདེ་བའི་ལུགས་སུ་ལོག་སྟེ་བྱིན་ཅིག་བསྐུལ་ཀྱང་། ༡༤ ཡེབ་ཐཱས་ཨམ་མོན་གྱི་བུ་རྣམས་ཀྱི་རྒྱལ་པོའི་དྲུང་དུ་སླར་ཡང་བང་ཆེན་བཏང་སྟེ། ༡༥ དེ་ལ། ཡེབ་ཐཱས་འདི་ལྟར་ཟེར། ཨིས་ར་ཨེལ་གྱིས་མོ་ཨབ་པའི་ཡུལ་དང་ཨམ་མོན་གྱི་བུ་རྣམས་ཀྱི་ཡུལ་མ་བཟུང་བ་ཡིན། ༡༦ འོན་ཀྱང་ཨིས་ར་ཨེལ་་མི་སེར་ཡུལ་ནས་འཐོན་ཏེ། འབྲོག་སྟོང་རྒྱུད་ནས་རྒྱ་མཚོ་དམར་པོ་རུ་སོང་ནས། ཁ་དཱེས་སུ་བསླེབ་པའི་ཚེ། ༡༧ ཨིས་ར་ཨེལ་གྱིས་ཨེ་དོམ་གྱི་རྒྱལ་པོའི་དྲུང་དུ་བང་ཆེན་བཏང་སྟེ་དེ་ལ། བདག་ཅག་ཁྱེད་ཀྱི་ཡུལ་རྒྱུད་དེ་འགྲོ་བར་གནོང་ཞིག་ཞུས་ཀྱང་། ཨེ་དོམ་གྱི་རྒྱལ་པོས་དེ་ལ་མ་ཉན་ཏོ། དེ་བཞིན་དུ་དེ་དག་གིས་མོ་ཨབ་ཀྱི་རྒྱལ་པོའི་དྲུང་དུ་བཏངས་ཀྱང་། ཁོས་ཀྱང་མ་ཉན་ཏོ། དེའི་ཕྱིར་ཨིས་ར་ཨེལ་ནི་ཁ་དཱེས་སུ་གནས་ནས། ༡༨ འབྲོག་སྟོང་རྒྱུད་དེ་སོང་ནས། ཨེ་དོམ་གྱི་ཡུལ་དང་མོ་ཨབ་ཀྱི་ཡུལ་དུ་འཁོར་ཞིང་སོང་སྟེ། མོ་ཨབ་ཀྱི་ཡུལ་གྱི་ཤར་ཕྱོགས་ཀྱི་ཡུལ་ཞིག་ཏུ་འོང་སྟེ། ཨར་ནོན་གྱི་ཕར་ཕྱོགས་སུ་གུར་ཕུབ་བོ། མོ་ཨབ་ཀྱི་ས་མཚམས་ནི་ཨར་ནོན་ཡིན་པས། དེ་དག་མོ་ཨབ་ཀྱི་ས་མཚམས་སུ་མ་ཕྱིན་ཏོ། ༡༩ དེ་ནས་ཨིས་ར་ཨེལ་གྱིས་ཧེས་བོན་གྱི་རྒྱལ་པོའམ། ཨ་མོར་པའི་རྒྱལ་པོ་སི་ཧོན་གྱི་དྲུང་དུ་བང་ཆེན་བཏང་ནས། ཨིས་ར་ཨེལ་གྱིས་དེ་ལ། བདག་ཅག་ཁྱེད་ཀྱི་ཡུལ་རྒྱུད་དེ་རང་གི་གནས་སུ་འགྲོ་བར་གནོང་ཞིག་ཞུས་ཀྱང་། ༢༠ སི་ཧོན་གྱིས་ཨིས་ར་ཨེལ་ནི་རང་གི་ཡུལ་རྒྱུད་དེ་འགྲོ་བར་ཡིད་མ་ཆེས་པས། སི་ཧོན་གྱིས་རང་གི་མི་རྣམས་བསྡུས་ཏེ། ཡ་ཧཱས་སུ་གུར་ཕུབ་ནས། ཨིས་ར་ཨེལ་ལ་འཐབ་འཛིང་བྱས་སོ། ༢༡ དེར་ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱས་སི་ཧོན་དང་དེའི་མི་ཐམས་ཅད་ཨིས་ར་ཨེལ་པའི་ལག་ཏུ་གནང་བས། དེ་དག་ཁོ་རྣམས་ནས་རྒྱལ་ཏེ། ཨིས་ར་ཨེལ་གྱིས་ཨ་མོར་པའི་ཡུལ་ཐམས་ཅད་དང་། ཡུལ་དེ་ན་གནས་པ་ཐམས་ཅད་བཟུང་ངོ་། ༢༢ དེ་ལྟར་དེ་དག་གིས་ཨར་ནོན་ནས་ཡབ་བོག་ཐུག་དང་། འབྲོག་སྟོང་ནས་ཡོར་དན་ཐུག་ཡུལ་ཐམས་ཅད་བཟུང་བ་ཡིན་ནོ། ༢༣ ད་ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱས་ཁོང་ཉིད་ཀྱི་འབངས་ཨིས་ར་ཨེལ་གྱི་མདུན་ནས་ཨ་མོར་པ་རྣམས་བཏོན་ཀྱང་། ཁྱོད་ཀྱིས་དེ་དག་གི་ཡུལ་འཛིན་པར་དགའ་འམ། ༢༤ ཁྱོད་ཀྱི་ལྷ་ཀེ་མོས་ཀྱིས་ཁྱོད་ལ་ཡུལ་ཞིག་གནང་ན། དེ་ནི་ཁྱོད་ཀྱི་ནོར་སྐལ་དུ་མི་འགྱུར་རམ། བདག་ཅག་གི་དཀོན་མཆོག་ཡ་ཧོ་ཝཱས་སུ་ཞིག་བདག་ཅག་གི་མདུན་ནས་སྐྲོད་པར་མཛད་ན། དེའི་ནོར་ནི་བདག་ཅག་གི་ནོར་དུ་མི་འགྱུར་རམ། ༢༥ ད་ཁྱོད་ཚིབ་ཕོར་གྱི་བུ་བ་ལག མོ་ཨབ་ཀྱི་རྒྱལ་པོ་ལས་དྲག་པ་ཡིན་ནམ། ཁོས་ཨིས་ར་ཨེལ་ལ་འཛིང་མོ་བཏང་སྟེ། དེ་ལ་འཐབ་འཛིང་བྱས་སམ། ༢༦ ཨིས་ར་ཨེལ་ནི་ཧེས་བོན་དང་དེ་ལ་ཡོད་པའི་གྲོང་ཁྱེར་རྣམས་དང་། ཨ་རོ་ཨེར་དང་དེ་ལ་གཏོགས་པའི་གྲོང་ཁྱེར་རྣམས་དང་། ཨར་ནོན་གྱི་ཕྱོགས་གཉིས་ལ་ཡོད་པའི་གྲོང་ཁྱེར་རྣམས་དང་། དེ་ཐམས་ཅད་ཀྱི་ནང་ན་ལོ་གསུམ་བརྒྱའི་བར་དུ་གནས་པའི་རིང་དུ། ཁྱོད་ཅག་གིས་དེ་དག་ཅིའི་ཕྱིར་མ་བཟུང་བ་ཡིན། ༢༧ ངས་ཁྱོད་ལ་གནོད་པ་མ་སྐྱེལ་བར། ཁྱོད་ཀྱིས་ང་ལ་དམག་རྒྱབ་ན། ངན་པ་བྱེད། དེ་རིང་གི་ཉིན་པར་ཡ་ཧོ་ཝཱ་ཁྲིམས་དཔོན་ལགས་པ་དེས་ཨིས་ར་ཨེལ་དང་ཨམ་མོན་གྱི་བུ་རྣམས་ཀྱི་བར་དུ་ཞིབ་དཔྱོད་མཛོད་ཅིག ཅེས་བསྐུལ་ཀྱང་། ༢༨ ཨམ་མོན་གྱི་བུ་རྣམས་ཀྱི་རྒྱལ་པོས་ཡེབ་ཐཱས་བཏངས་པའི་ལོན་རྣམས་ལ་མ་ཉན་ཏོ༎
༢༩ དེར་ཡ་ཧོ་ཝཱའི་ཐུགས་ཉིད་ཡེབ་ཐཱ་ལ་བབས་ཏེ། དེ་ནི་གིལ་ཨད་དང་མ་ན་ཤེ་དང་གིལ་ཨད་ཀྱི་མིས་པཱ་རུ་སོང་སྟེ། གིལ་ཨད་ཀྱི་མིས་པཱ་ནས་ཨམ་མོན་གྱི་བུ་རྣམས་ཀྱི་ཕྱོགས་སུ་ཕྱིན་ཏོ། ༣༠ དེ་ནས་ཡེབ་ཐཱས་ཡ་ཧོ་ཝཱ་ལ་དམ་བཅའ་ཕུལ་ཞིང་ཞུས་པ། ཁྱེད་ཀྱིས་ཐེ་ཚོམ་མེད་པར་ཨམ་མོན་གྱི་བུ་རྣམས་བདག་གི་ལག་ཏུ་གནང་ན། ༣༡ བདག་ནི་ཨམ་མོན་གྱི་བུ་རྣམས་ཀྱི་དམག་ནས་ཞི་བདེ་བར་ཕྱིར་ལོག་པའི་ཚེ། སུ་ཞིག་བདག་གི་ཁང་པའི་སྒོའི་ནང་ནས་སྔོན་དུ་བདག་ལ་བསུ་བར་འཐོན་པ་དེ་ནི་ངེས་པར་ཡ་ཧོ་ཝཱའི་ནོར་སྐལ་དུ་འགྱུར་ཏེ། ངས་དེ་ནི་སྦྱིན་སྲེག་གི་མཆོད་པར་འབུལ་ཞེས་ཞུས་སོ། ༣༢ དེ་ནས་ཡེབ་ཐཱ་་ཨམ་མོན་གྱི་བུ་རྣམས་ལ་ཕར་ཕྱོགས་སུ་འཐབ་འཛིང་བྱེད་པར་འཐོན་ཏེ། ཡ་ཧོ་ཝཱས་དེ་དག་ཁོའི་ལག་ཏུ་གནང་ངོ་། ༣༣ ཁོས་དེ་དག་ཨ་རོ་ཨེར་ནས་མིན་ནིད་ཐུག་ཐུག་གསོད་གཅོད་ཆེན་པོ་བྱས་ཏེ། ཨ་བིལ་ཀེ་རཱ་མིམ་ཐུག་གྲོང་ཁྱེར་ཉི་ཤུ་བཟུང་ངོ་། དེ་ལྟར་ཨམ་མོན་གྱི་བུ་རྣམས་ནི་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མདུན་དུ་ཕམ་པར་གྱུར་ཏོ༎
༣༤ ཡང་ཡེབ་ཐཱ་་མིས་པཱ་རུ་རང་གི་ཁང་པར་འོངས་པ་དང་། ལྟོས་ཤིག དེའི་བུ་མོ་རྔ་ཁྲོལ་གྱིན་དང་གར་རྩེ་ཞིང་བསུ་བར་འོངས་སོ། དེ་ནི་ཁོའི་ཕྲུ་གུ་གཅིག་པོ་ཡིན་ཏེ། བུ་མོ་འདི་མ་གཏོགས་པར་ཁོ་ལ་བུའམ་བུ་མོ་མེད་པ་ཡིན། ༣༥ ཁོས་བུ་མོ་མཐོང་བར་ཙམ་གྱིས་རང་གི་གོས་ཧྲལ་ཞིང་དེ་ལ། ཀྱེ་ངའི་བུ་མོ། ཁྱོད་ཀྱིས་ང་ཤིན་ཏུ་དམའ་བར་བྱེད་དེ། ཁྱོད་ནི་ང་ལ་སྡུག་པོ་གཏོང་མཁན་ཞིག་ཡིན་ཞེས་སྨྲས་པས། དེ་ཅིའི་ཕྱིར་ཞེ་ན། ངས་ཡ་ཧོ་ཝཱའི་དྲུང་དུ་ཁས་བླངས་པ་ཡིན་པས། ང་དེ་ལས་སྒྱུར་མི་ནུས། ཞེས་སྨྲས་པས། ༣༦ བུ་མོས་ཁོ་ལ། ཀྱེ་ངའི་ཕ། ཁྱེད་ཀྱིས་ཡ་ཧོ་ཝཱ་ལ་ཁས་བླང་སྟེ་འོང་ན། ཁྱེད་ཀྱི་ཁ་ནས་འཐོན་པ་བཞིན་དུ་ང་ལ་གྱིས། ཅི་ལ་ཞེ་ན། ཡ་ཧོ་ཝཱས་ཁྱེད་ཀྱི་དགྲ་བོ་ཨམ་མོན་གྱི་བུ་རྣམས་ལས་ལན་བཞེས་པ་ཡིན་སྨྲས་སོ། ༣༧ ཡང་བུ་མོས་རང་གི་ཕ་ལ། ངའི་ཕྱིར་འདི་ཙམ་གྱིས་ཤིག ང་རང་དང་ངའི་ཟླ་གྲོགས་རྣམས་ཀྱིས་ང་ན་སོ་ཆུང་བའི་ཕྱིར་མྱ་ངན་བྱེད་དུ་ང་རི་རྣམས་ལ་འགྲོ་རུ། ང་ལ་ཟླ་བ་གཉིས་ཀྱི་བར་དུ་དགོངས་པ་གནོང་ཞིག ༣༨ ཅེས་ཞུས་པའི་ལན་དུ་དེས། ཁྱོད་སོང་སྨྲས་ཏེ། བུ་མོ་ཟླ་བ་གཉིས་ཀྱི་བར་དུ་འགྲོ་རུ་བཅུག་གོ། དེ་ནས་བུ་མོ་རང་གི་ཟླ་གྲོགས་རྣམས་དང་མཉམ་དུ་སོང་ནས། རི་རྣམས་ཀྱི་ཁར་རང་ན་སོ་ཆུང་བའི་ཕྱིར་མྱ་ངན་བྱས་སོ། ༣༩ ཟླ་བ་གཉིས་ཀྱི་རྗེས་སུ་བུ་མོ་རང་གི་ཕའི་དྲུང་དུ་ལོག་འོང་སྟེ། དེས་བུ་མོ་ལ་རང་གི་དམ་བཅའ་བླངས་པ་བཞིན་དུ་བྱས་སོ། བུ་མོ་དེས་སྐྱེས་པ་སུའང་མ་ཤེས་སོ། དེའི་ཕྱིར་ཨིས་ར་ཨེལ་པའི་ཁྲོད་དུ་འདི་ལྟ་བུའི་ལུགས་སྲོལ་ཞིག་བྱུང་། ༤༠ ཨིས་ར་ཨེལ་གྱི་བུ་མོ་རྣམས་ལོ་རེ་བཞིན། གིལ་ཨད་པ་ཡེབ་ཐཱའི་བུ་མོའི་དོན་དུ་ལོ་རེ་ལ་ཞག་བཞིའི་བར་མྱ་ངན་བྱེད་དུ་འགྲོའོ༎