༡༠
ཡང་ཨ་བི་མེ་ལེག་གི་རྗེས་སུ་ཨི་ས་གར་པ་དོ་དོའི་ཚ་བོ། ཕུ་ཨ་ཡི་བུ་ཐོ་ལཱ་ནི་ཨིས་ར་ཨེལ་པ་རྣམས་ལ་སྐྱབས་བྱེད་དུ་བྱུང་ངོ་། དེ་ནི་ཨེབ་ར་ཨིམ་གྱི་རིའི་ཤ་མིར་དུ་གནས་ཏེ། ༢ ཨིས་ར་ཨེལ་ལ་ལོ་ཉེར་གསུམ་གྱི་བར་དུ་ཞལ་ཆེ་བཅད་དེ། ཚེ་འདས་ནས་ཤ་མིར་དུ་བསྐུངས་སོ༎༣ ཡང་དེའི་རྗེས་སུ་གིལ་ཨད་པ་ཡ་ཨིར་བྱུང་ནས། ཨིས་ར་ཨེལ་ལ་ལོ་ཉེར་གཉིས་ཀྱི་བར་དུ་ཞལ་ཆེ་བཅད་དོ། ༤ དེ་ལ་བུ་སུམ་ཅུ་ཡོད་དེ་བོང་ཕྲུག་སུམ་ཅུའི་ཁར་ཞོན་པ་དང་། དེ་དག་ལ་གྲོང་ཁྱེར་སུམ་ཅུ་ཡོད་པ་ཡིན། དེ་རྣམས་གིལ་ཨད་ཡུལ་ན་འདུག་སྟེ། དེ་རིང་གི་བར་དུ་དེ་དག་གི་མིང་ནི་ཡ་ཨིར་གྱི་ཡུལ་ཚོ་རྣམས་ཟེར་རོ། ༥ ཡ་ཨིར་གྲོངས་ནས། ཀ་མོན་དུ་བསྐུངས་སོ༎
༦ དེ་ནས་ཡང་སྐྱར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པ་སྤྱད་དེ། བ་ཨ་ལིམ་དང་ཨས་ཐཱ་རོད་དང་ཨ་རམ་གྱི་ལྷ་རྣམས་དང་། ཚི་དོན་གྱི་ལྷ་རྣམས་དང་། ཨམ་མོན་པའི་ལྷ་རྣམས་དང་། ཕེ་ལེ་ཤེད་པའི་ལྷ་རྣམས་ལ་བརྟེན་ཅིང་། ཡ་ཧོ་ཝཱ་སྤངས་ནས། ཁོང་ལ་བསྙེན་བཀུར་མ་བྱས་སོ། ༧ དེ་ནས་ཡ་ཧོ་ཝཱའི་ཐུགས་ཁྲོ་ཨིས་ར་ཨེལ་ལ་འབར་ནས། ཁོང་གིས་དེ་དག་ཕེ་ལེ་ཤེད་པའི་ལག་པ་དང་ཨམ་མོན་པའི་ལག་ཏུ་བཙོངས་སོ། ༨ ལོ་དེ་ནས་བཟུང་སྟེ། ལོ་བཅོ་བརྒྱད་ཀྱི་བར་དུ་དེ་དག་གིས་ཨིས་ར་ཨེལ་གྱི་བུ་རྣམས་ལ་སྡང་ཞིང་སྡུག་པོ་བཏང་ངོ་། དེ་ག་རུ་བྱུང་ཟེར་ན། གིལ་ཨད་ན་ཡོད་པའི་ཨ་མོར་པའི་ཡུལ་དང་ཡོར་དན་གྱི་ཕ་རོལ་དུ་གནས་པའི་ཨིས་ར་ཨེལ་གྱི་བུ་ཐམས་ཅད་ལ་དེ་ལྟར་བྱུང་ངོ་། ༩ དེ་མ་ཟད་ཨམ་མོན་གྱི་བུ་རྣམས་ནི་ཡ་ཧུ་དཱ་དང་། བེན་ཡ་མིན་དང་། ཨེབ་ར་ཨིམ་གྱི་བརྒྱུད་ལ་འཐབ་འཛིང་བྱེད་དུ་ཡོར་དན་བརྒལ་བས། ཨིས་ར་ཨེལ་ལ་སྡུག་བསྔལ་མང་པོ་བྱུང་ངོ་༎
༡༠ དེ་རུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འོ་དོད་འབོད་ཅིང་ཁོང་ལ། བདག་ཅག་གིས་ཁྱེད་ཀྱི་དྲུང་དུ་སྡིག་པ་བྱས་ཏེ། རང་གི་དཀོན་མཆོག་སྤངས་ནས། བ་ཨ་ལིམ་ལ་བརྟེན་པ་ཡིན་ཞུས་པས། ༡༡ ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་ལ། ངས་ཁྱོད་ཅག་མི་སེར་པ་རྣམས་དང་། ཨ་མོར་པ་རྣམས་དང་། ཨམ་མོན་གྱི་བུ་རྣམས་དང་། ཕེ་ལེ་ཤེད་པ་རྣམས་ཀྱི་ལག་ནས་ཐར་བར་མ་བྱས་སམ། ༡༢ ཡང་ཚི་དོན་པ་རྣམས་དང་། ཨ་མ་ལེག་པ་རྣམས་དང་། མ་ཨོན་པ་རྣམས་ཀྱིས་ཁྱོད་ཅག་ལ་སྡུག་པོ་བཏང་བའི་ཚེ། ཁྱོད་ཅག་གིས་ང་ལ་བོས་པས། ངས་ཁྱོད་ཅག་དེ་དག་གི་ལག་ནས་ཐར་དུ་བཅུག་པ་ཡིན། ༡༣ ད་དུང་ཡང་ཁྱོད་ཅག་གིས་ང་སྤང་སྟེ། ལྷ་གཞན་དག་ལ་རྟེན་པ་ཡིན། དེའི་ཕྱིར་ངས་ཁྱོད་ཅག་ལ་ད་ཕྱིན་ཆད་སྐྱབས་མི་བྱ། ༡༤ ད་སོང་ལ། ཁྱོད་ཅག་གིས་འདམས་པའི་ལྷ་རྣམས་ནས་སྐྱབས་ཚོལ་ཞིག དེ་དག་གིས་ཁྱོད་ཅག་གི་སྡུག་པོའི་དུས་སུ་སྐྱབས་བྱེད་པར་རུང་ངོ་། ༡༥ དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ། བདག་ཅག་གིས་སྡིག་པ་བྱས་པས། ཁྱེད་ཀྱི་ཐུགས་ལ་གང་ལེགས་པ་བཞིན་བདག་ཅག་ལ་མཛོད། དེ་རིང་གཅིག་པོ་བདག་ཅག་ལ་སྐྱབས་མཛོད་ཅིག་ཅེས་ཞུས་སོ། ༡༦ དེ་རུ་དེ་དག་གིས་ཕྱི་པའི་ལྷ་རྣམས་རང་གི་ཁྲོད་ནས་སྤངས་ནས། ཡ་ཧོ་ཝཱ་ལ་བརྟེན་པས། ཁོང་གི་ཐུགས་ཨིས་ར་ཨེལ་པའི་སྡུག་བསྔལ་གྱི་ཕྱིར་ཁྲུགས་སོ༎
༡༧ དེའི་ཕྱིར་ཨམ་མོན་གྱི་བུ་རྣམས་འདུས་ཏེ་གིལ་ཨད་དུ་གུར་ཕུབ་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱང་འདུས་ཏེ་མིས་པཱ་རུ་གུར་ཕུབ་བོ། ༡༨ དེ་ནས་གིལ་ཨད་པ་དང་། དེ་དག་གི་རྗེ་བོ་རྣམས་ཀྱིས་གཅིག་གིས་གཅིག་ལ་འདི་སྐད་དུ། ཨམ་མོན་གྱི་བུ་རྣམས་ལ་འཐབ་འཛིང་བྱེད་པར་བརྩམས་པའི་མི་དེ་སུ་ཡིན། ཁོ་ནི་གིལ་ཨད་ཀྱི་ཡུལ་པ་ཐམས་ཅད་ཀྱི་དཔོན་པོར་འགྱུར་བར་རུང་ངོ་ཞེས་སྨྲས་སོ༎