དེ་ནས་ཡེ་རུབ་བ་ཨཱལ་གྱི་བུ་ཨ་བི་མེ་ལེག་་སི་ཀེམ་དུ་ཁོ་རང་གི་མ་ཡི་སྤུན་རྣམས་ཀྱི་དྲུང་དུ་སོང་ནས། དེ་དག་དང་ཁོའི་མ་ཡི་བརྒྱུད་ཚང་མ་དང་གཏམ་བྱས་ཏེ། དེ་དག་ལ།  ཁྱོད་རྣམས་ཀྱིས་སི་ཀེམ་གྱི་མི་ཀུན་གྱི་རྣ་བར་འདི་ལྟར་འདྲི་བར་དགོས། ཡེ་རུབ་བ་ཨཱལ་གྱི་བུ་བདུན་ཅུ་ཡོད་པ་ཐམས་ཅད་ཀྱིས་ཁྱོད་ཅག་ལ་དབང་བྱེད་རུང་ངམ། གཅིག་གིས་དབང་བྱེད་རུང་། དེ་གཉིས་ཀྱི་བར་ལ་ལེགས་པ་གང་ཡིན་སྨྲོས་ཤིག ང་ནི་ཁྱོད་རྣམས་ཀྱི་རུས་པ་དང་ཤ་ཡིན་པ་དེ་ཡང་ཡིད་དུ་ཞོག་ཅིག་ཅེས་སྨྲས་པས།  ཁོའི་མ་ཡི་སྤུན་རྣམས་ཀྱིས་ཁོའི་དོན་དུ་གཏམ་དེ་དག་སི་ཀེམ་པ་རྣམས་ཀྱི་རྣ་བར་སྨྲས་པས། དེ་དག་གི་སྙིང་ཨ་བི་མེ་ལེག་གི་རྗེས་སུ་འབྲང་བར་འདོད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཁོ་ནི་ངེད་ཀྱི་སྤུན་ཡིན་ཞེས་སྨྲས་སོ།  ཡང་དེ་དག་གིས་བ་ཨཱལ་བེ་རིད་ཀྱི་མཆོད་ཁང་ནས་ཁོ་ལ་དངུལ་བདུན་ཅུ་བཏད་ནས། དངུལ་དེའི་སྒོ་ནས་ཨ་བི་མེ་ལེག་གིས་མི་ཡ་མེད་དང་ངན་པ་མང་པོ་ལ་གླ་བཏང་ནས། དེ་རྣམས་ཁོའི་རྗེས་སུ་འབྲངས་སོ།  དེ་ནས་ཁོ་ཨོབ་རཱ་རུ་རང་གི་ཕའི་ཕོ་བྲང་དུ་སོང་བ་དང་། ཡེ་རུབ་བ་ཨཱལ་གྱི་བུ་བདུན་ཅུ་ཁོ་རང་གི་སྤུན་ཡིན་པ་རྣམས་རྡོ་གཅིག་གི་སྒང་ལ་བསད་དོ། ཡེ་རུབ་བ་ཨཱལ་གྱི་བུ་ལོ་ཆུང་ཡོ་ཐམ་དེ་ནི་ཡིབ་སྟེ་བསྡད་པས། མ་ཤི་བར་ལུས་སོ།  དེ་ནས་སི་ཀེམ་པ་དང་མིལ་ལཱོ་རུ་གནས་པ་ཐམས་ཅད་འཛོམ་སྟེ་སོང་ནས། སི་ཀེམ་ན་ཡོད་པའི་བེ་ཤིང་གི་འོག་ཏུ་ཨ་བི་མེ་ལེག་ནི་རྒྱལ་པོར་བསྐོས་སོ༎
 མི་རྣམས་ཀྱིས་དེ་ལྟར་ཡོ་ཐམ་ལ་བཤད་པས་ཁོ་གེ་རི་ཟིམ་གྱི་རིའི་རྩེ་ལ་སོང་ནས། ལངས་ནས། སྐད་དྲག་པོས་བོས་ཏེ། དེ་དག་ལ་འདི་སྐད་དུ།  ཀྱེ་སི་ཀེམ་པ་རྣམས། དཀོན་མཆོག་གིས་ཁྱོད་ཅག་ལ་གསན་པའི་ཕྱིར་ང་ལ་ཉོན་ཅིག དུས་ནམ་ཞིག་གི་ཚེ། ཤིང་རྣམས་ཀྱིས་རང་གི་སྟེང་དུ་རྒྱལ་པོ་ཞིག་སྐོ་བར་བྱུག་པ་འབྱུག་ཏུ་སོང་སྟེ། དེ་དག་གིས་ཁ་སྐྱུར་པོའི་ཤིང་ལ། ཁྱོད་ཀྱིས་བདག་ཅག་ལ་སྲིད་བྱོས་ཤིག ཅེས་ཞུས་པས།  ཁ་སྐྱུར་པོའི་ཤིང་གིས་དེ་དག་ལ། ལྷ་དང་མི་རྣམས་ཀྱིས་ང་ལ་ང་རང་གི་མར་བཅུད་ཀྱི་དོན་དུ་བཀུར་སྟི་བྱེད། དེ་ནི་ངས་སྤང་སྟེ། ཤིང་རྣམས་ལ་སྲིད་བྱའམ། ཞེས་སྨྲས་པས། ༡༠ ཤིང་རྣམས་ཀྱིས་སེ་ཡབ་ཤིང་ལ། ཤོག་དང་། བདག་ཅག་ལ་སྲིད་བྱོས་ཤིག་ཅེས་ཞུས་སོ། ༡༡ འོན་ཀྱང་སེ་ཡབ་ཀྱིས་དེ་དག་ལ། ངས་རང་གི་མངར་དང་འབྲས་བུ་བཟང་པོ་དེ་སྤངས་ཏེ། ཤིང་རྣམས་ལ་སྲིད་བྱེད་དུ་འགྲོའམ། ཟེར་ནས། ༡༢ ཤིང་རྣམས་ཀྱིས་རྒུན་ཤིང་ལ། ཤོག་དང་། བདག་ཅག་ལ་དབང་གྱིས་ཤིག་ཞུས་པས། ༡༣ རྒུན་ཤིང་གིས་དེ་དག་ལ། ངས་རང་གི་རྒུན་ཆང་ལྷ་དང་མི་རྣམས་དགའ་བར་བྱེད་པ་དེ་སྤངས་ནས། ཤིང་རྣམས་ལ་དབང་བྱེད་དུ་འགྲོའམ། ཞེས་སྨྲས་སོ། ༡༤ དེར་ཤིང་རྣམས་ཀྱིས་ཚེར་མ་ལ། ཤོག་དང་། བདག་ཅག་ལ་དབང་གིས་ཤིག་བྱས་པས། ༡༥ ཚེར་མས་ཤིང་རྣམས་ལ། གལ་ཏེ་ཁྱོད་ཅག་གིས་ཐེ་ཚོམ་མེད་པར་ང་རྒྱལ་པོར་སྐོ་བར་དགའ་ན། ཤོག་ལ། ངའི་བསིལ་གྲིབ་ལ་སྡོད་ཅིག དེ་མིན། ཚེར་མ་ནས་མེ་འཐོན་ནས། ལི་བ་ནོན་གྱི་ཤུག་ཤིང་རྣམས་འཚིག་པར་འགྱུར་རོ་ཞེས་སྨྲས་སོ༎
༡༦ ད་ལྟ་ཁྱོད་ཅག་གིས་ཨ་བི་མེ་ལེག་རྒྱལ་པོ་རུ་བཀུར། ཡེ་རུབ་བ་ཨཱལ་གྱི་ལག་པའི་སྒོ་ནས་ཁྱོད་ཅག་གི་དོན་དུ་ཕྲིན་ལས་མཛད་པའི་ལན་དུ། ཁྱོད་ཅག་གིས་ཁོ་རང་དང་ཁོའི་བརྒྱུད་ལ་ལས་བཟང་པོ་བྱས་པ་ཡིན་ན་ལེགས་སོ། ༡༧ ཅིའི་ཕྱིར་ཞེ་ན། ངའི་ཕས་ཁྱོད་ཅག་གི་ཆེད་དུ་འཐབ་འཛིང་བྱས་ཏེ། རང་གི་སྲོག་དང་བསྡོས་ཏེ། ཁྱོད་ཅག་མིད་ཨན་པའི་ལག་ནས་ཐར་དུ་བཅུག་གོ། ༡༨ དེ་རིང་ཁྱོད་ཅག་ངའི་ཕའི་བརྒྱུད་ཀྱི་ཐོག་ཏུ་དགྲར་ལངས་ཏེ། ཁོའི་བུ་བདུན་ཅུ་རྡོ་གཅིག་གི་སྒང་ལ་བསད་ནས། ཁོའི་གཡོག་མོའི་བུ་ཨ་བི་མེ་ལེག་ཁྱོད་ཅག་གི་སྤུན་ཡིན་པ་དེ་སི་ཀེམ་པའི་རྒྱལ་པོར་བསྐོས་པ་ཡིན། ༡༩ གལ་ཏེ་ཁྱོད་ཅག་གིས་དེ་རིང་གི་ཉིན་པར་ཡེ་རུབ་བ་ཨཱལ་དང་ཁོའི་བརྒྱུད་ལ་བདེན་པ་དང་དྲང་པོའི་སྤྱོད་ཚུལ་བཞིན་དུ་བྱས་པ་ཡིན་ན། ཁྱོད་ཅག་ཨ་བི་མེ་ལེག་ལ་དགའ་སྟེ། ཁོ་ཡང་ཁྱོད་ཅག་ལ་དགའ་བར་གྱུར་ཅིག ༢༠ དེ་ལྟར་མིན་ན། ཨ་བི་མེ་ལེག་ནས་མེ་ཞིག་འཐོན་ཏེ། སི་ཀེམ་པ་དང་མིལ་ལཱོ་རུ་གནས་པ་རྣམས་འཚིག་པར་གྱུར་ཅིག ཡང་སི་ཀེམ་པ་དང་མིལ་ལཱོ་རུ་གནས་པ་རྣམས་ནས་མེ་ཞིག་འཐོན་ཏེ། ཨ་བི་མེ་ལེག་འཚིག་པར་གྱུར་ཅིག་ཅེས་སྨྲས་སོ། ༢༡ དེ་ནས་ཡོ་ཐམ་རྒྱུགས་ཤིང་བྲོས་ཏེ། བེ་ཨེར་དུ་སོང་ནས། རང་གི་སྤུན་ཨ་བི་མེ་ལེག་ལ་འཇིག་སྟེ་དེར་གནས་སོ༎
༢༢ ཨ་བི་མེ་ལེག་གིས་ཨིས་ར་ཨེལ་པ་རྣམས་ལ་ལོ་གསུམ་གྱི་བར་དུ་སྲིད་བྱས་པའི་ཚེ། ༢༣ དཀོན་མཆོག་གིས་ཨ་བི་མེ་ལེག་དང་སི་ཀེམ་པའི་བར་ལ་འཐབ་འཛིང་བྱེད་པའི་འདྲེ་ཞིག་མངགས་པས། སི་ཀེམ་པ་རྣམས་ཀྱིས་ཨ་བི་མེ་ལེག་ལ་སྡང་པོ་བྱས། ༢༤ དེ་ཅིའི་ཕྱིར་ཞེ་ན། ཡེ་རུབ་བ་ཨཱལ་གྱི་བུ་བདུན་ཅུ་ལ་ལས་ངན་གྱི་ལན་གཏོང་བ་དང་། དེ་དག་གི་ཁྲག་ནི་དེ་དག་བསད་པའི་སྤུན་ཨ་བི་མེ་ལེག་དང་། ཁོ་ལ་རང་གི་སྤུན་རྣམས་གསོད་དུ་གྲོག་བྱེད་པའི་སི་ཀེམ་པ་ཀུན་གྱི་ཐོག་ཏུ་འབེབས་པའི་ཕྱིར་རོ། ༢༥ དེ་ནས་སི་ཀེམ་པ་ཀུན་གྱིས་ཁོའི་ཕྱིར་རི་རྣམས་ཀྱི་མགོ་ལ་འཕྲོག་བཅོམ་བྱེད་མཁན་བཞག་སྟེ། དེ་དག་གིས་ལམ་དེ་ལ་འགྲུལ་བ་ཐམས་ཅད་བཅོམ་མོ། དེ་ལྟ་བུའི་ལོན་ཨ་བི་མེ་ལེག་གིས་ཐོས་སོ༎
༢༦ ཡང་ཨེ་བེད་ཀྱི་བུ་ག་ཨལ་རང་གི་སྤུན་རྣམས་དང་བཅས་འོང་སྟེ། སི་ཀེམ་གྱི་ཕྱོགས་སུ་ཕྱིན་པ་དང་། སི་ཀེམ་པ་རྣམས་ཀྱིས་དེ་ལ་བློ་གཏད་བྱས་སོ། ༢༧ དེར་དེ་དག་ཀླུངས་སུ་སོང་ནས། རྒུན་ཚལ་ནས་འབྲས་བུ་བསྒྲུག་སྟེ། རྒུན་འབྲུམ་རྫིས་པ་དང་སྐྱིད་པོ་བྱས། ཡང་རང་གི་ལྷ་ཁང་དུ་སོང་ནས། ཟོས་ཤིང་བཏུང་སྟེ་ཨ་བི་མེ་ལེག་ལ་དམོད་པ་བཏབ་བོ། ༢༨ དེ་ནས་ཨེ་བེད་ཀྱི་བུ་ག་ཨལ་གྱིས། ཨ་བི་མེ་ལེག་སུ་ཡིན། སི་ཀེམ་ཅི་ཡིན། ངེད་ཀྱིས་ཁོ་ལ་གཡོག་བྱའམ། ཁོ་ཡེ་རུབ་བ་ཨཱལ་གྱི་བུ་མ་ཡིན་ནམ། ཟེ་བུལ་ནི་ཁོའི་ངོ་ཚབ་མ་ཡིན་ནམ། ཁྱོད་རྣམས་ཀྱིས་སི་ཀེམ་གྱི་ཕ་ཧ་མོར་གྱི་མི་རྣམས་ཀྱི་གཡོག་བྱོས་ཤིག ངེད་ཀྱིས་ཁོའི་གཡོག་ཅིའི་ཕྱིར་བྱ། ༢༩ དཀོན་མཆོག་གིས་མི་འདི་དག་ངའི་ལག་ཏུ་གནང་བ་ཡིན་ན། ངས་ཨ་བི་མེ་ལེག་བཏོན་པར་དགའ། དེ་ནས་ངས་ཨ་བི་མེ་ལེག་ལ། ཁྱོད་ཀྱི་དམག་མི་མང་དུ་བཏང་ནས་འཐོན་ཤོག་ཅེས་སྨྲ་བར་དགའོ། ཞེས་སྨྲས་སོ༎
༣༠ དེར་གྲོང་ཁྱེར་གྱི་དཔོན་པོ་ཟེ་བུལ་གྱིས་ཨེ་བེད་ཀྱི་བུ་ག་ཨལ་གྱི་གཏམ་ཐོས་པའི་ཚེ་ཁྲོས་པ་དང་། ༣༡ ལྐོག་ཏུ་ཨ་བི་མེ་ལེག་གི་མདུན་དུ་ཕོ་ཉ་བཏང་སྟེ་དེ་ལ། ལྟོས་ཤིག ཨེ་བེད་ཀྱི་བུ་ག་ཨལ་དང་དེའི་སྤུན་རྣམས་སི་ཀེམ་དུ་འོང་སྟེ། དེ་དག་གིས་ཁྱེད་ཀྱི་ཕྱིར་གྲོང་ཁྱེར་དེ་བཙན་པོ་བྱེད། ༣༢ དེ་བས་ན་ཁྱེད་རང་དང་། ཁྱེད་ཀྱི་དྲུང་དུ་ཡོད་པའི་མི་རྣམས་མཚན་མོར་ལངས་ཏེ། ཞིང་གི་དཀྱིལ་དུ་འཇབས་ཏེ་སྡོད། ༣༣ སྔ་དྲོ་ཉི་མ་ཤར་བ་དང་། ཁྱེད་སྔ་གསར་ལངས་ནས། གྲོང་ཁྱེར་ལ་འབྱོར་བར་བྱོས་ཤིག ཁོ་རང་དང་ཁོ་དང་མཉམ་དུ་ཡོད་པ་རྣམས་ཁྱེད་ལ་འཐབ་འཛིང་བྱེད་དུ་འོང་བའི་ཚེ། ཁྱེད་ཀྱིས་དེ་དག་ལ་གང་འོས་པ་དེ་གྱིས་ཤིག་ཅེས་བསྐུལ་ཏོ༎
༣༤ དེ་ནས་ཨ་བི་མེ་ལེག་དང་། ཁོ་དང་མཉམ་དུ་ཡོད་པ་ཐམས་ཅད་མཚན་མོར་ལངས་ཏེ། ཚོ་བཞི་བྱས་ནས། སི་ཀེམ་གྱི་དོན་དུ་འཇབས་ཏེ་བསྡད་དོ། ༣༥ དེ་ནས་ཨེ་བེད་ཀྱི་བུ་ག་ཨལ་ཕྱི་ལོགས་སུ་འཐོན་ནས། གྲོང་ཁྱེར་གྱི་རྒྱལ་སྒོའི་འགྲམ་དུ་ལངས་བསྡད་པས། ཨ་བི་མེ་ལེག་དང་ཁོ་དང་མཉམ་དུ་ཡོད་པའི་མི་རྣམས་འཇབས་ས་ནས་ལངས་སོ། ༣༦ ག་ཨལ་གྱིས་མི་ཚོགས་མཐོང་བའི་ཚེ་ཟེ་བུལ་ལ། ལྟོས་དང་། རི་རྣམས་ཀྱི་རྩེ་ནས་མི་རྣམས་འོང་ངོ་། སྨྲས་པའི་ལན་དུ་ཟེ་བུལ་གྱིས་དེ་ལ། ཁྱེད་ཀྱིས་རི་རྣམས་ཀྱི་གྲིབ་མ་མི་རྣམས་དང་འདྲ་བ་མཐོང་ངོ་ཅེས་སྨྲས་སོ། ༣༧ སླར་ཡང་ག་ཨལ་གྱིས། ལྟོས་དང་། མི་རྣམས་ཡུལ་གྱི་དཀྱིལ་ནས་བབ་སྟེ་འོང་། ཚོ་གཅིག་ནི་མེ་ཨོ་ནེ་ནིམ་༼བོད་སྐད་དུ་འབའ་བོ༽འི་བེ་ཤིང་གི་ཕྱོགས་ནས་འོང་ཞེས་སྨྲས་པས། ༣༨ ཟེ་བུལ་གྱིས་ཁོ་ལ། ད་ཁྱོད་ཀྱིས་ཨ་བི་མེ་ལེག་སུ་ཡིན། ངེད་ཀྱིས་ཁོའི་གཡོག་བྱེད་པར་རུང་ངམ་སྨྲས་པའི་ཁ་དེ་གང་ཡོད། ཁྱོད་ཀྱིས་སྡང་བའི་མི་རྣམས་འདི་མ་ཡིན་ནམ། ༣༩ ད་འཐོན་ཏེ་ཁོ་རྣམས་དང་དམག་རྒྱོབ་ཅིག་ཅེས་བསྐུལ་བས། ག་ཨལ་གྱིས་སི་ཀེམ་པ་རྣམས་ཀྱི་དམག་དཔོན་བྱས་ཏེ། ཕྱི་ལོག་ཏུ་འཐོན་ནས། ཨ་བི་མེ་ལེག་དང་འཐབ་འཛིང་བྱས་ཏེ། ༤༠ ཨ་བི་མེ་ལེག་གིས་ཁོ་ལ་དེད་པ་ལས། ཁོ་འབྲོས་ཏེ། རྒྱལ་སྒོའི་འགྲམ་དུ་མི་བསད་པ་དང་སྣད་པོ་མང་པོ་གྱེལ་ཏོ། ༤༡ ཡང་ཨ་བི་མེ་ལེག་་ཨ་རུ་མཱ་ལ་གནས་པ་དང་། ཟེ་བུལ་གྱིས་ག་ཨལ་དང་དེའི་སྤུན་རྣམས་སི་ཀེམ་དུ་མི་གནས་པར་ཕྱི་ལ་བཏོན་ནོ༎
༤༢ ཡང་དེའི་སང་ཉིན་མི་རྣམས་ཐང་དུ་འཐོན་པ་དང་། ཨ་བི་མེ་ལེག་གིས་དེ་ཐོས་པས། ༤༣ ཁོས་མི་རྣམས་ཁྲིད་ནས། ཚོ་གསུམ་དུ་བགོས་ཏེ། ཐང་དུ་འཇབས་བསྡད་དེ་བསྒུགས། དེ་ནས་ཁོས་མི་རྣམས་གྲོང་ཁྱེར་ནས་འཐོན་པར་མཐོང་སྟེ། ཁོ་འཐབ་འཛིང་བྱེད་དུ་ལངས་ནས། དེ་དག་ལ་འཐབ་སྟེ། ༤༤ ཨ་བི་མེ་ལེག་རང་དང་དེ་དང་བཅས་ཡོད་པའི་དམག་དཔུང་ནི་མདུན་དུ་འཚང་སྟེ། གྲོང་ཁྱེར་གྱི་རྒྱལ་སྒོའི་འགྲམ་དུ་ལངས་བསྡད་པ་ལས། དམག་དཔུང་གཞན་གཉིས་པོ་དེ་ཞིང་ལ་ཡོད་པའི་མི་རྣམས་ཀྱི་ཐོག་ཏུ་ལངས་ཏེ། དེ་དག་བསད་དོ། ༤༥ ཉིན་དེ་ལ་ཨ་བི་མེ་ལེག་གིས་ཉིན་གང་གྲོང་ཁྱེར་ལ་འཐབ་འཛིང་བྱས་ཏེ་བཟུང་ངོ་། དེའི་ནང་ན་ཡོད་པ་རྣམས་བསད་ནས་གྲོང་ཁྱེར་དེ་ཁྲེ་གཏོར་བྱས་ནས། དེ་ལ་ཚྭ་བཏབ་བོ༎
༤༦ སི་ཀེམ་གྱི་རྫོང་གི་མི་ཐམས་ཅད་ཀྱིས་དེ་ལྟ་བུའི་གནས་ཚུལ་ཐོས་པའི་ཚེ། བ་ཨཱལ་བེ་རིད་ཀྱི་ལྷ་ཁང་གི་མཁར་ནང་ཞིག་ཏུ་ཞུགས། ༤༧ དེ་ནས་ཨ་བི་མེ་ལེག་ལ། སི་ཀེམ་གྱི་རྫོང་གི་མི་ཐམས་ཅད་དེ་རུ་འཛོམ་ཞེས་སྨྲས་པས། ༤༨ ཨ་བི་མེ་ལེག་དང་། ཁོ་རང་དང་བཅས་ཡོད་པའི་མི་ཐམས་ཅད་རི་ཙལ་མོན་ལ་འཛེག་སྟེ། ཨ་བི་མེ་ལེག་གིས་ལག་ཏུ་སྟ་གྲི་ཞིག་བླངས་ནས། ཤིང་རྣམས་ལས་ཡལ་ག་ཅིག་བཅད་དེ་བླང་ནས། དཔུང་པ་ལ་བཞག ཡང་རང་དང་མཉམ་དུ་ཡོད་པའི་མི་རྣམས་ལ། ཁྱོད་རྣམས་ཀྱིས་ངས་ཅི་བྱེད་པར་མཐོང་བ་དེ་བཞིན་དུ་མྱུར་དུ་གྱིས་ཤིག་ཅེས་བསྐུལ་བས། ༤༩ མི་ཐམས་ཅད་ཀྱིས་ཀྱང་རང་རང་གི་ཕྱིར་ཡལ་ག་བཅད་ནས། ཨ་བི་མེ་ལེག་གི་རྗེས་སུ་ཕྱིན་ཏེ། དེ་རྣམས་མཁར་གྱི་སྒང་ལ་བཞག་ནས་མེ་བརྒྱབས་སོ། དེ་ལྟར་སི་ཀེམ་གྱི་མཁར་གྱི་སྐྱེས་པ་དང་བུད་མེད་ཐམས་ཅད་སྡོམ་མི་སྟོང་གཅིག་ཙམ་ཤིའོ༎
༥༠ དེ་ནས་ཨ་བི་མེ་ལེག་་ཐེ་བེས་སུ་ཕྱིན་ནས། ཐེ་བེས་ཀྱི་མདུན་དུ་དམག་སྒར་རྒྱབ་ཅིང་ས་བཟུང་ངོ་། ༥༡ འོན་ཀྱང་གྲོང་ཁྱེར་གྱི་ནང་ཁུག་ཏུ་མཁར་བཙན་པོ་ཞིག་ཡོད་པས། དེའི་ནང་དུ་སྐྱེས་པ་དང་བུད་མེད་དང་གྲོང་ཁྱེར་པ་ཐམས་ཅད་བྲོས་ནས། སྒོ་རྒྱབས་ནས། མཁར་གྱི་ཐོག་ཏུ་འཛེག་སྟེ་བསྡད་དོ། ༥༢ དེ་ནས་ཨ་བི་མེ་ལེག་མཁར་ལ་འོངས་ཏེ། དེ་ལ་འཐབ་འཛིང་བྱས་ནས། མཁར་གྱི་སྒོའི་རྩར་མེ་རྒྱག་ཏུ་འོངས་པས། ༥༣ བུད་མེད་གཅིག་གིས་རང་ཐག་གི་རྡོ་ཞིག་ཨ་བི་མེ་ལེག་གི་མགོ་ཡི་སྒང་ལ་དབྱུག་སྟེ། ཁོའི་མགོ་རུས་བཅག ༥༤ དེར་ཁོས་རང་གི་ཁྲབ་འཁུར་བའི་གཞོན་ནུ་ལ་མྱུར་དུ་བོས་ཤིང་དེ་ལ། ཁྱོད་ཀྱིས་རལ་གྲི་བཏོན་ནས་ང་སོད། དེ་མིན། མི་རྣམས་ཀྱིས་ང་བུད་མེད་གཅིག་གིས་བསད་པ་ཡིན་ཟེར་བར་བྱ་སྨྲས་སོ། དེ་ནས་གཞོན་ནུ་དེས་ཁོ་ལ་རལ་གྲི་བཙུགས་པས་ཁོ་ཚེ་འདས་སོ། ༥༥ ཨིས་ར་ཨེལ་པ་རྣམས་ཀྱིས་ཨ་བི་མེ་ལེག་ཚེ་འདས་པར་མཐོང་བས། དེ་དག་རང་རང་གི་གནས་སུ་ལོག་གོ། ༥༦ དེ་ལྟར་དཀོན་མཆོག་གིས་ཨ་བི་མེ་ལེག་གིས་བྱས་པའི་ངན་པ་དེ་ཟློག་པར་མཛད་དོ། དེ་ཅིའི་ཕྱིར་ཞེ་ན། ཁོས་རང་གི་སྤུན་བདུན་ཅུ་བསད་དེ། རང་གི་ཕ་ལ་ངན་པ་བྱས་སོ། ༥༧ སི་ཀེམ་གྱི་མི་རྣམས་ཀྱིས་བྱས་པའི་ངན་པ་ཐམས་ཅད་དཀོན་མཆོག་གིས་དེ་དག་གི་མགོ་ལ་ཕབ་པར་མཛད་དེ། ཡེ་རུབ་བ་ཨཱལ་གྱི་བུ་ཡོ་ཐམ་གྱི་དམོད་པ་དེ་ནི་དེ་དག་གི་མགོ་ལ་བབས་སོ༎