༢༠
ཡང་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་འདི་སྐད་དུ།  ཨིས་ར་ཨེལ་གྱི་བུ་རྣམས་ལ་འདི་སྐད་ཅེས་སྨྲོས་ཤིག ཁྱོད་ཅག་ལ་ངས་མོ་ཤེའི་ངག་གི་སྒོ་ནས་གཏམ་བྱས་པའི་སྐྱབས་གནས་རྣམས་ཕྱེས་ཤིག  དེ་ཅིའི་ཕྱིར་ཞེ་ན། མི་གསོད་གཅིག་གིས་བསམ་པ་མེད་ཅིང་མ་ཤེས་བཞིན་མི་སུ་ཞིག་བསད་པའི་མི་བསད་དེ། ཁྲག་ལན་ལེན་མཁན་ལས་ཁྱེད་འབྲོས་ཤིང་སྐྱབས་གནས་སུ་འགྱུར་བའི་ཕྱིར་རོ།  ཡང་གྲོང་ཁྱེར་དེ་དག་ལས་གཅིག་ཏུ་འབྲོས་པའི་མི་གང་ཡང་གྲོང་ཁྱེར་གྱི་རྒྱ་སྒོའི་འགྲམ་ན་སྡོད་ཅིང་། གྲོང་ཁྱེར་དེ་རང་གི་རྒན་པོ་རྣམས་ཀྱིས་ཐོས་པར་རང་གི་རྒྱུ་རྐྱེན་སྙད་པར་དགོས། ཡང་དེ་དག་གིས་མི་དེ་གྲོང་ཁྱེར་དུ་ཁྲིད་ནས་དེ་དག་གི་ཁྲོད་ན་གཞིས་བཟུང་བའི་གནས་ཤིག་གཏོང་བར་དགོས་སོ།  ཡང་ཁྲག་ལན་ལེན་པ་པོས་དེའི་རྗེས་སུ་རྒྱུག་ན་དེའི་ལག་ཏུ་མི་གསོད་དེ་ནི་གཏོང་བའི་མི་རིགས་སོ། དེ་ཅིའི་ཕྱིར་ཞེ་ན། སྔར་སྡང་སེམས་མེད་ཅིང་ཁྱིམ་མཚེས་མ་ཤེས་བཞིན་བསད་པའི་ཕྱིར་རོ།  ཡང་ཚོགས་ཀྱི་འདུན་མས་དེའི་ཞལ་ཆེ་མ་བཅད་པར་དུས་དེའི་བླ་མ་ཆེན་པོ་མ་ཤི་བའི་བར་དུ་གྲོང་ཁྱེར་དེར་གནས་པར་རུང་གི། དེའི་རྗེས་སུ་མི་གསོད་དེ་ནི་ཕྱིར་ལོག་ཅིང་གང་ནས་བྲོས་པའི་གྲོང་ཁྱེར་དང་རང་གི་ཡུལ་དང་ཁང་པར་འགྲོ་བའི་རིགས་སོ། ཞེས་བཀའ་སྩལ་ཏོ༎
 ཡང་དེ་དག་གིས་ག་ལིལ་ཡུལ་ན་ནབ་ཐ་ལི་ཡི་རི་རྒྱུད་དུ་ཀེ་དེས་དང་། ཨེབ་ར་ཨིམ་གྱི་རི་རྒྱུད་ན་སི་ཀེམ་དང་། ཡུ་དཱ་ཡི་རི་རྒྱུད་ན་ཁིར་ཡད་ཨར་བཱའམ་ཧེབ་རོན་ཕྱེས་སོ།  ཡང་ཡོར་དན་གྱི་ཕ་རོལ་ན་ཡེ་རི་ཀོའི་ཕྱོགས་སུ་རུ་བེན་གྱི་སྡེ་ལས་འབྲོག་སྟོང་གི་ཐང་ན་བེ་ཚེར་དང་། གད་ཀྱི་སྡེ་ལས་གིལ་ཨད་ཡུལ་ན་རཱ་མོད་དང་། མ་ན་ཤེའི་སྡེ་ལས་བཱ་ཤན་ཡུལ་ན་གོ་ལན་ཞེས་བྱ་བ་དག་ཕྱེས་སོ།  དེ་ནི་ཨིས་ར་ཨེལ་གྱི་བུ་རྣམས་དང་དེ་དག་གི་ཁྲོད་དུ་གཞིས་བཟུང་བའི་མི་ཡན་པ་རྣམས་ཀྱི་དོན་དུ་ཕྱེས་པའི་གྲོང་ཁྱེར་རྣམས་ཡིན་ཏེ། མི་གང་གིས་ཀྱང་མི་གཞན་ཞིག་མ་ཤེས་བཞིན་བསད་ནས་ཁྲག་ལན་ལེན་པའི་ལག་པས་མི་འཆི་བའི་ཕྱིར་ཚོགས་ཀྱི་འདུན་མས་དེའི་ཞལ་ཆེ་མ་བཅད་ཅིང་དེར་འབྲོས་པའི་ཕྱིར་རོ༎