༡༨
ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ཐམས་ཅད་ཤི་ལོ་རུ་འདུས་ནས། དེར་འདུ་བའི་གུར་མཆོག་བཙུགས་པ་དང་། ཡུལ་དེ་དེ་དག་གི་མངའ་འོག་ཏུ་གྱུར་ཡོད་པ་ཡིན་ནོ།  ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཁྲོད་དུ་ས་སྐལ་མ་རྙེད་པའི་སྡེ་བདུན་ལུས་པས།  ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་བུ་རྣམས་ལ། ཇི་སྲིད་བར་དུ་དལ་བར་སྡོད་ཅིང་ཡ་ཧོ་ཝཱ་མེས་པོ་རྣམས་ཀྱི་དཀོན་མཆོག་གིས་ཁྱེད་ཅག་ལ་གནང་བའི་ཡུལ་བདག་ཏུ་འཛིན་ཕྱིར་མི་འགྲོ།  ད་སྡེ་རེ་ལས་མི་གསུམ་ཐོང་ལ་ངས་དེ་དག་བཏང་ཞིང་ཡུལ་ཀུན་ཏུ་རྒྱུ་བ་དང་རེའི་ནོར་སྐལ་གྱི་ཚད་བྲིས་ནས་ངའི་དྲུང་དུ་ཕྱིར་འོང་བར་དགོས་སོ།  དེ་ནས་དེ་དག་གིས་ཡུལ་ཁག་བདུན་དུ་བགོད་པར་དགོས། ལྷོ་ཕྱོགས་སུ་ཡུ་དཱ་རང་གི་ས་མཚམས་དང་། བྱང་ཕྱོགས་སུ་ཡོ་སེབ་ཀྱི་ཁྱིམ་རང་གི་ས་མཚམས་ན་གནས་པར་དགོས་སོ།  ཡང་ཁྱེད་ཀྱིས་ཡུལ་ཆ་བདུན་དུ་བགོས་ཤིང་བྲིས་ལ་ངའི་མདུན་དུ་ཁྱེར་འོང་དང་ངས་འདིར་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཅག་གི་ཕྱིར་རྟགས་རིལ་འདེབས་པར་བྱ།  ལེ་ཝི་པ་རྣམས་ལ་ཁྱེད་ཅག་གི་ཁྲོད་དུ་ནོར་སྐལ་མེད་ཀྱི། ཡ་ཧོ་ཝཱའི་བླ་མ་བྱེད་པའི་ལས་ཚན་ནི་དེ་དག་གི་ནོར་སྐལ་ཡིན་ནོ། ཡང་ཤར་ཕྱོགས་སུ་ཡོར་དན་ཆུའི་ཕ་རོལ་དུ་གད་དང་རུ་བེན་དང་མ་ན་ཤེའི་སྡེ་ཕྱེད་ལ་རེ་རང་གི་ནོར་སྐལ་བརྙེད་ཟིན་པས། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་དེ་དག་ལ་དེ་བཏང་ངོ་ཞེས་སྨྲས་སོ༎
 ཡང་མི་དེ་དག་ཆས་ཤིང་སོང་བ་དང་། ཡུལ་གྱི་ས་གནས་འབྲི་རུ་འགྲོ་བ་རྣམས་ལ་ཡོ་ཤུ་ཨས་འདི་སྐད་དུ། ད་སོང་ལ་ཡུལ་ཀུན་ཏུ་རྒྱུ་ཞིང་བྲིས་ནས་ངའི་དྲུང་དུ་ཕྱིར་ལོག་དང་། ཤི་ལོ་འདིར་ཡ་ཧོ་ཝཱའི་ཞལ་ངོར་ངས་ཁྱེད་ཀྱི་ཕྱིར་རྟགས་རིལ་འདེབས་པར་བྱའོ་ཞེས་བསྒོའོ།  ཡང་མི་དེ་དག་སོང་ནས་ཡུལ་ཀུན་ཏུ་རྒྱུ་ཞིང་གྲོང་ཁྱེར་གྱི་གྲངས་བཞིན་དུ་ཆ་བདུན་དུ་བགོད་ཅིང་དཔེ་ཆ་ཞིག་ཏུ་བྲིས་ནས་ཤི་ལོ་ན་ཡོད་པའི་སྒར་དུ་ཡོ་ཤུ་ཨའི་དྲུང་དུ་ཕྱིར་ལོག་འོངས་སོ། ༡༠ དེ་ནས་ཡོ་ཤུ་ཨས་དེ་དག་གི་ཕྱིར་ཤི་ལོ་ན་ཡ་ཧོ་ཝཱའི་ཞལ་ངོར་རྟགས་རིལ་བརྒྱབ་ནས་ཡོ་ཤུ་ཨས་དེར་ཨིས་ར་ཨེལ་གྱི་བུ་རྣམས་ལ་རེ་རང་གི་སྡེ་བཞིན་དུ་ཡུལ་བགོས་སོ༎
༡༡ ཡང་རྟགས་རིལ་འདེབས་ཤིང་བེན་ཡ་མིན་གྱི་བུ་རྣམས་ཀྱི་སྡེ་རེ་རང་གི་བརྒྱུད་བཞིན་དུ་དེ་དག་ལ་ས་སྐལ་བརྙེད་པས། ས་སྐལ་གྱི་ས་མཚམས་ནི་ཡུ་དཱ་ཡི་བུ་རྣམས་དང་ཡོ་སེབ་ཀྱི་བུ་རྣམས་ཀྱི་བར་ན་ཐོན་ནོ། ༡༢ དེ་དག་གི་ས་ཚིགས་ནི་བྱང་ཕྱོགས་སུ་ཡོར་དན་ཆུ་རྒྱུད་ཅིང་། ཡེ་རི་ཀོའི་ཕྱོགས་ནས་བྱང་ཕྱོགས་སུ་ཡར་སོང་བ་ལས་རྒྱ་མཚོའི་ཕྱོགས་སུ་རི་རྒྱུད་དུ་ཡར་སོང་བ་དང་། འབྲོག་སྟོང་གི་ཕྱོགས་སུ་བེད་ཨ་ཝེན་དུ་ཕྱིན་ཏོ། ༡༣ དེ་ནས་ཡང་ས་ཚིགས་ནི་ལུས་ཀྱི་བར་དུ་ཕར་སོང་བ་དང་། ལུས་སམ་བེད་ཨེལ་གྱི་ལོགས་ནས་ལྷོ་ཕྱོགས་སུ་སོང་ནས། ས་མཚམས་ནི་ཨད་རོད་ཨད་དརབེད་ཧོ་རོན་འོག་གི་ལྷོ་ཕྱོགས་སུ་ཡོད་པའི་རིའི་བར་དུ་བབས་སོ། ༡༤ ཡང་ས་མཐའ་དེ་རྒྱུ་རྒྱ་མཚོའི་ཕྱོགས་སུ་བེད་ཧོ་རོན་གྱི་ལྷོ་ཕྱོགས་ན་ཡོད་པའི་རི་ནས་ལྷོ་ཕྱོགས་སུ་འཁོར་བ་ནས། ཡུ་དཱ་ཡི་བུ་རྣམས་ཀྱི་གྲོང་ཁྱེར་ཁིར་ཡད་བ་ཨཱལ་ལམ་ཁིར་ཡད་ཡེ་ཨ་རིམ་གྱི་ཕྱོགས་སུ་ཕྱིན་ཏོ། དེ་ནི་རྒྱ་མཚོའི་ཕྱོགས་ཡིན་ནོ། ༡༥ ཡང་ལྷོ་ཕྱོགས་སུ་ཁིར་ཡད་ཡེ་ཨ་རིམ་གྱི་མཐའ་མ་ནས་ས་མཚམས་རྒྱ་མཚོའི་ཕྱོགས་སུ་ཕྱིན་ནས་ཆུ་ནེབ་ཐོ་ཨ་ཡི་ཆུ་མིག་གི་བར་དུ་སོང་ངོ་། ༡༦ ཡང་ས་མཐའ་ནི་ཧིན་ནོམ་གྱི་བུའི་ལུང་པའི་མདུན་དུ་ཡོད་པའི་རི་རེ་ཕ་ཨིམ་གྱི་ལུང་པའི་བྱང་ཕྱོགས་སུ་ཡོད་པ་དེའི་མཐའ་མའི་བར་དུ་བབས་པ་དང་། ཧིན་ནོམ་གྱི་ལུང་པར་ཡེ་བུས་པའི་ལོགས་ནས་ལྷོ་ཕྱོགས་སུ་བབས་ཏེ་ཨེན་རོ་གེལ་གྱི་བར་དུ་བབས་སོ། ༡༧ ཡང་བྱང་ཕྱོགས་སུ་རྒྱུ་ཞིང་ཨེན་ཤེ་མེས་སུ་ཕྱིན་ནས། རི་ཨ་དུམ་མིམ་གྱི་ཐད་དུ་གི་ལི་ལོད་ཀྱི་བར་དུ་ཐོན་ཏེ། རུ་བེན་གྱི་བུ་བོ་ཧན་གྱི་རྡོ་རུ་བབས་སོ། ༡༨ ཡང་ཨ་ར་བཱ་༼བོད་སྐད་དུ་ཐང་༽གི་ཐད་དུ་ཡོད་པའི་རིར་བྱང་ཕྱོགས་སུ་ཕ་རོལ་ཏུ་སོང་ནས་ཨ་ར་བཱ་ལ་བབས་པ་དང་། ༡༩ ས་མཚམས་ནི་བེད་ཧོག་ལཱ་ནས་བྱང་ཕྱོགས་སུ་ཡོད་པའི་རིའི་ཕ་རོལ་ཏུ་སོང་ངོ་། ཡང་ས་མཚམས་བྱང་ཕྱོགས་སུ་ཚྭ་མཚོའི་མཚོ་ཁུག་གི་ཕྱོགས་དང་ཡོར་དན་ཆུའི་མཇུག་ཏུ་ལྷོ་ཕྱོགས་སུ་ཕྱིན་ཏོ། དེ་ནི་ལྷོ་ཕྱོགས་ཀྱི་ས་མཚམས་སོ། ༢༠ ཡང་ཤར་ཕྱོགས་སུ་ཡོར་དན་ཆུ་བོ་ནི་ས་མཚམས་སོ། དེ་ནི་རེ་རང་གི་བརྒྱུད་བཞིན་དུ་བེན་ཡ་མིན་གྱི་བུ་རྣམས་ཀྱི་ནོར་སྐལ་གྱི་ས་མཚམས་ཡིན།
༢༡ ཡང་རེ་རང་གི་བརྒྱུད་བཞིན་དུ་བེན་ཡ་མིན་གྱི་བུ་རྣམས་ཀྱི་སྡེ་ལ་གཏོགས་པའི་གྲོང་ཁྱེར་རྣམས་ནི་འདི་ལྟ་སྟེ། ཡེ་རི་ཀོ་དང་། བེད་ཧོག་ལཱ་དང་། ཨེ་མེག་ཁེ་ཚིས་དང་། ༢༢ བེད་ཨ་ར་བཱ་དང་། ཚེ་མ་རཱ་ཨིམ་དང་། བེད་ཨེལ་དང་། ༢༣ ཨ་ཝིམ་དང་། ཕ་རཱ་དང་། ཨོབ་རཱ་དང་། ༢༤ ཀེ་ཕར་ཨམ་མོ་ནི་དང་ཨོབ་ནི་དང་། གེ་བཱ་དང་གྲོང་ཁྱེར་བཅུ་གཉིས་ནི་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ། ༢༥ ཡང་གི་བེ་ཨོན་དང་། རཱ་མཱ་དང་། བེ་ཨེ་རོད་དང་། ༢༦ མིས་ཕེ་དང་། ཀེ་ཕི་རཱ་དང་། མོ་ཙཱ་དང་། ༢༧ རེ་ཁེམ་དང་། ཡིར་ཕེ་ཨེལ་དང་། ཐ་ར་ལཱ་དང་། ༢༨ ཙེ་ལཱ་དང་། ཨེ་ལེབ་དང་། ཡེ་བུས་སམ་ཡེ་རུ་ཤ་ལེམ་དང་། གི་བེ་ཨད་དང་། ཁིར་ཡད་དང་གྲོང་ཁྱེར་བཅུ་བཞི་ནི་དེ་དག་གི་ཡུལ་ཚོ་རྣམས་དང་བཅས་པའོ། དེ་ནི་རེ་རང་གི་བརྒྱུད་བཞིན་དུ་བེན་ཡ་མིན་གྱི་བུ་རྣམས་ཀྱི་ས་སྐལ་ལོ༎