༡༦
ཡང་རྟགས་རིལ་བརྒྱབས་ནས་ཡོ་སེབ་ཀྱི་བུ་རྣམས་ཀྱི་ཕྱིར་ཐོན་པ་ནི་འདི་ལྟ་སྟེ། ཡེ་རི་ཀོའི་མདུན་དུ་ཡོར་དན་གཙང་པོ་ནས་ཡེ་རི་ཀོའི་ཆུའི་ཤར་ཕྱོགས་སུ་ཡེ་རི་ཀོ་ནས་རི་རྒྱུད་བེད་ཨེལ་གྱི་བར་དུ་འགྲོ་བའི་འབྲོག་སྟོང་ངོ་། ༢ ཡང་བེད་ཨེལ་ནས་ལུས་ཀྱི་བར་དུ་སོང་ནས་ཕ་རོལ་ཏུ་ཨར་ཁི་པའི་ས་མཚམས་ན་ཡོད་པའི་ཨ་ཐ་རོད་དུ་ཕྱིན་པ་དང་། ༣ རྒྱ་མཚོའི་ཕྱོགས་སུ་ཡབ་ལེ་ཏི་པའི་ས་མཚམས་སུ་བེད་ཧོ་རོན་འོག་བྱ་བའི་ཡུལ་འཁོར་དང་གེ་ཟེར་གྱི་བར་དུ་འབབ་ཅིང་རྒྱ་མཚོའི་ཕྱོགས་སུ་ཕྱིན་ཏོ༎༤ དེ་ལྟར་ཡོ་སེབ་ཀྱི་བུ་མ་ན་ཤེ་དང་ཨེབ་ར་ཨིམ་གཉིས་ལ་ས་སྐལ་ཐོབ་བོ༎
༥ ཡང་ཨེབ་ར་ཨིམ་གྱི་བུ་རྣམས་ཀྱི་ས་ཚིགས་རེ་རང་གི་བརྒྱུད་རྣམས་བཞིན་དུ་འདི་ལྟ་སྟེ། དེ་དག་གི་ནོར་སྐལ་གྱི་ས་ཚིགས་ནི་ཤར་ཕྱོགས་སུ་ཨད་རོད་ཨད་དར་ནས་བེད་ཧོ་རོན་གོང་གི་བར་དུའོ། ༦ ཡང་ས་ཚིགས་ནི་རྒྱ་མཚོའི་ཕྱོགས་སུ་མིག་མེ་ཐད་ཀྱི་བྱང་ཕྱོགས་སུ་ཕྱིན་ནོ། ཡང་ས་མཚམས་ནི་ཤར་ཕྱོགས་སུ་ཐ་ཨན་ནད་ཤི་ལོའི་བར་དུ་འཁོར་བ་དང་ཡུལ་དེ་ནས་ཕར་སོང་ཞིང་ཤར་ཕྱོགས་སུ་ཡ་ནོ་ཧཱ་རུ་ཕྱིན་ནས། ༧ ཡ་ནོ་ཧཱ་ནས་ཨ་ཐ་རོད་དང་ན་ཨ་རད་དུ་བབས་པ་དང་ཡེ་རི་ཀོར་བསླེབས་ནས་ཡོར་དན་གྱི་བར་དུ་ཕྱིན་ནོ། ༨ ཡང་ཐ་ཕུ་ཨ་ནས་ས་ཚིགས་ནི་རྒྱ་མཚོའི་ཕྱོགས་སུ་གྲོག་པོ་ཁ་ནཱ་རུ་སོང་ནས་རྒྱ་མཚོའི་ཕྱོགས་སུ་ཕྱིན་ནོ། དེ་ནི་ཨེབ་ར་ཨིམ་གྱི་བུ་རྣམས་ཀྱི་སྡེ་དང་དེའི་རིགས་བརྒྱུད་རྣམས་ཀྱི་ནོར་སྐལ་ཡིན་པ་མ་ཟད་དེ། ༩ མ་ན་ཤེའི་བུ་རྣམས་ཀྱི་ནོར་སྐལ་གྱི་དབུས་སུ་ཨེབ་ར་ཨིམ་གྱི་བུ་རྣམས་ཀྱི་ཕྱིར་བཞག་པའི་གྲོང་ཁྱེར་སོ་སོ་དག་དང་བཅས་ཏེ། དེ་དག་གི་གྲོང་ཁྱེར་རྣམས་ཡུལ་ཚོ་ཐམས་ཅད་དང་བཅས་པའོ། ༡༠ འོན་ཀྱང་གེ་ཟེར་ན་གནས་པའི་ཀ་ན་ཨན་པ་རྣམས་མ་བསྐྲད་པས། ཀ་ན་ཨན་པ་རྣམས་དེ་རིང་གི་བར་དུ་ཨེབ་ར་ཨིམ་གྱི་ཁྲོད་དུ་གནས་ཤིང་དེ་དག་གི་བྲན་དུ་གྱུར་ཏེ་འུ་ལག་གི་ལས་བྱེད་དོ༎