༡༤
༡-༢ ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཀ་ན་ཨན་ཡུལ་ན་བདག་ཏུ་འཛིན་པའི་ཕྱིར་གང་བརྙེད་ཞེ་ན། ཡ་ཧོ་ཝཱས་མོ་ཤེའི་སྒོ་ནས་བཀའ་སྩལ་པ་བཞིན་དུ་བླ་མ་ཨེལ་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ་དང་ཨིས་ར་ཨེལ་གྱི་སྡེ་དཔོན་རྣམས་ཀྱིས་རང་རང་གི་ནོར་སྐལ་གྱི་ཕྱིར་རྟགས་རིལ་བརྒྱབས་ནས་སྡེ་དགུ་དང་སྡེ་ཕྱེད་ལ་བདག་ཏུ་འཛིན་པར་བགོད་པ་ནི་འདི་ལྟ་སྟེ།  མོ་ཤེས་སྡེ་གཉིས་དང་སྡེ་ཕྱེད་ལ་རང་རང་གི་ས་སྐལ་ཡོར་དན་ཆུའི་ཕ་རོལ་ན་བཏང་གི། ལེ་ཝི་པ་རྣམས་ལ་དེ་དག་གི་དབུས་སུ་ནོར་སྐལ་ཅིའང་བཏང་བ་མ་ཡིན།  ཡོ་སེབ་ཀྱི་བུ་རྣམས་ནི་སྡེ་གཉིས་ཏེ་མ་ན་ཤེ་དང་ཨེབ་ར་ཨིམ་མོ། ལེ་ཝི་པ་རྣམས་གནས་པ་དང་། རང་གི་ཕྱུགས་དང་ནོར་འཇོག་པའི་ཕྱིར་གྲོང་ཁྱེར་རྣམས་དང་དེ་དག་གི་ཡུལ་འཁོར་མ་གཏོགས་པར་ཡུལ་ན་ས་སྐལ་མ་བཏང་ངོ་།  ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་ལྟར་བྱས་ཤིང་ཡུལ་བགོས་སོ༎
 ཡང་གིལ་གལ་ན་ཡུ་དཱའི་བུ་རྣམས་ཡོ་ཤུ་ཨའི་དྲུང་དུ་བྱུང་ནས། ཀེ་ནི་ཟི་པ་ཡེ་ཕུན་ནེའི་བུ་ཀ་ལེབ་ཀྱིས་དེ་ལ་ཁ་དཱེས་བར་ནེ་ཨ་རུ་ཡ་ཧོ་ཝཱ་དཀོན་མཆོག་ནས་བྱུང་བའི་སྐྱེས་བུ་མོ་ཤེ་ལ་ང་དང་ཁྱོད་གཉིས་ཀྱི་ཕྱིར་གསུངས་པའི་བཀའ་དེ་ཁྱོད་ཀྱིས་ཤེས་སོ།  དཀོན་མཆོག་གི་བྲན་པོ་མོ་ཤེས་ཁ་དཱེས་བར་ནེ་ཨ་ནས་ང་ཡུལ་ལ་ལྟ་ཉུལ་བྱེད་དུ་བཏང་བ་དང་། ངས་ནི་རང་གི་ཤེས་བཞིན་ཕྲིན་ཞུ་བའི་ཚེ་ང་ལོ་བཞི་བཅུ་ཙམ་ལོན་ནོ།  འོན་ཀྱང་ང་དང་འགྲོགས་ཤིང་ཡར་ལ་སོང་བའི་སྤུན་རྣམས་ཀྱིས་མི་བརྒྱུད་ཀྱི་སྙིང་སྟོབས་ཉམས་པར་བྱས་ཀྱི། ང་ནི་ཡོངས་སུ་ཡ་ཧོ་ཝཱ་ངའི་དཀོན་མཆོག་གི་རྗེས་སུ་བྲངས་སོ།  ཉིན་དེ་ཉིད་དུ་མོ་ཤེས་འདི་སྐད་དུ། ཁྱོད་ཡོངས་སུ་ཡ་ཧོ་ཝཱ་ངའི་དཀོན་མཆོག་གི་རྗེས་སུ་བྲངས་པས། ཁྱོད་ཀྱི་རྐང་པ་བཞག་པའི་ཡུལ་དེ་ནི་ཁྱོད་བུ་རྣམས་དང་བཅས་པས་དུས་རྒྱུན་དུ་བདག་ཏུ་འཛིན་པར་འགྱུར་བར་ངེས་སོ་ཞེས་མནའ་བོར་རོ། ༡༠ ད་ལྟོས་ཤིག ཡ་ཧོ་ཝཱས་མོ་ཤེ་ལ་གསུང་འདི་མཛད་པ་ནས་བཟུང་སྟེ་ཨིས་ར་ཨེལ་འབྲོག་སྟོང་གི་ནང་ན་རྒྱུ་བའི་ལོ་བཞི་བཅུ་ཞེ་ལྔ་འདིའི་རིང་དུ་ཡ་ཧོ་ཝཱས་གསུངས་པ་བཞིན་དུ་ང་འཚོ་རུ་བཅུག་པས། ད་དེ་རིང་གི་ཉིན་ཐུག་ང་ལོ་བརྒྱད་ཅུ་གྱ་ལྔ་ལོན་ཏོ། ༡༡ མོ་ཤེས་ང་བཏང་བའི་ཉིན་དང་འདྲ་བར་དེ་རིང་གི་ཉིན་མོ་ལ་ཡང་ང་རེམ་པ་ཡིན། དེའི་དུས་སུ་ང་ལ་ཡོད་པའི་སྟོབས་དང་འདྲ་བར་ད་ལྟ་ཡང་དམག་འདྲེན་སྐབས་སུ་ཕྱིའམ་ནང་དུ་འགྲོ་བའི་སྟོབས་ང་ལ་ཡོད་དོ། ༡༢ ཡ་ཧོ་ཝཱས་ཉིན་དེ་ཉིད་དུ་གསུང་མཛད་པའི་རི་རྒྱུད་དེ་ནི་ང་ལ་ཐོང་ཞིག དེ་ཅིའི་ཕྱིར་ཞེ་ན། ཨ་ནག་པ་རྣམས་དེར་གནས་ཤིང་གྲོང་ཁྱེར་ཆེ་ཞིང་བཙན་པོ་རྣམས་དེར་ཡོད་ཅེས་པའི་གཏམ་ཉིན་དེ་ཉིད་དུ་ཁྱོད་ཀྱིས་ཐོས་པ་ཡིན། ཡ་ཧོ་ཝཱས་ང་ལ་གསུངས་པ་བཞིན་དུ་ཁོང་གིས་ང་ལ་སྐྱབས་མཛད་པས་ངས་དེ་དག་སྐྲོད་ལས་ཆེ་ཞེས་ཞུས་སོ༎
༡༣ ཡང་ཡོ་ཤུ་ཨས་དེ་ལ་བྱིན་རླབས་བྱས་ཤིང་ཡེ་ཕུན་ནེའི་བུ་ཀ་ལེབ་ལ་ཧེབ་རོན་བདག་ཏུ་འཛིན་པའི་ཕྱིར་བཏང་ངོ་། ༡༤ དེ་ལྟར་ཀེ་ནི་ཟི་པ་ཡེ་ཕུན་ནེའི་བུ་ཀ་ལེབ་ཡོངས་སུ་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་རྗེས་སུ་བྲངས་པའི་ཕྱིར་དེ་རིང་གི་བར་དུ་ཧེབ་རོན་དེ་ལ་བརྙེས་སོ། ༡༥ ཧེབ་རོན་གྱི་མིང་ནི་སྔོན་དུས་སུ་ཨར་བཱའི་གྲོང་ཁྱེར་ཡོད་པ་ཡིན། ཨར་བཱ་ནི་ཨ་ནག་པའི་ཁྲོད་ན་དཔའ་བོ་ཡོད་པ་ཡིན། ཡང་དམག་ཁྲུག་ལས་ཡུལ་དལ་བར་གྱུར་ཏོ༎