༡༡
ཡང་ཧ་ཙོར་གྱི་རྒྱལ་པོ་ཡ་བིན་གྱིས་གཏམ་དེ་ཐོས་ནས། མ་དོན་གྱི་རྒྱལ་པོ་ཡོ་བབ་དང་ཤིམ་རོན་གྱི་རྒྱལ་པོ་དང་ཨག་ཤབ་ཀྱི་རྒྱལ་པོ་དང་། ༢ བྱང་ཕྱོགས་ཀྱི་རི་རྒྱུད་དང་ཐང་ཀིན་ནེ་རེད་ཀྱི་ལྷོ་ཕྱོགས་དང་མདོ་དང་རྒྱ་མཚོའི་འགྲམ་ལ་ཡོད་པའི་དཱོར་གྱི་རི་ཆུང་ན་གནས་པའི་རྒྱལ་པོ་རྣམས་དང་། ༣ ཤར་ཕྱོགས་དང་ནུབ་ཕྱོགས་ལ་ཡོད་པའི་ཀ་ན་ཨན་པ་དང་། ཨ་མོར་པ་དང་ཧེད་པ་དང་ཕེ་རི་ཟི་པ་དང་ཡེ་བུས་པ་རི་རྒྱུད་ལ་གནས་པ་རྣམས་དང་། མིས་པཱའི་ཡུལ་ན་རི་ཧེར་མོན་གྱི་འགྲམ་ལ་གནས་པའི་ཧི་ཝི་པ་རྣམས་ལ་ཕོ་ཉ་བཏང་ངོ་། ༤ དེ་དག་དཔུང་ཚོགས་ཐམས་ཅད་དང་བཅས་ཏེ་རྒྱ་མཚོའི་འགྲམ་ལ་ཡོད་པའི་བྱེ་མ་ལྟ་བུའི་ཚོགས་ཆེན་པོ་ཞེ་ན། མིའི་ཚོགས་དང་རྟ་དང་ཤིང་རྟ་རབ་ཏུ་མང་པོ་དམག་འདྲེན་དུ་ཐོན་ཏེ། ༥ རྒྱལ་པོ་དེ་ཐམས་ཅད་གཅིག་ཏུ་འདུས་ནས་ཨིས་ར་ཨེལ་ལ་དམག་འདྲེན་དུ་མེ་རོམ་ཆུའི་འགྲམ་དུ་དམག་སྒར་བཏབ་བོ༎༦ དེའི་ཚེ་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་དེ་དག་ལ་མ་འཇིགས་ཤིག སང་ཉིན་དུས་ཚོད་འདི་རང་ལ་ངས་དེ་ཐམས་ཅད་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མདུན་དུ་གསོད་པར་བྱའོ། ཁྱོད་ཀྱིས་དེ་དག་གི་རྟ་རྣམས་ཀྱི་སུག་པ་འབྲེགས་ཤིག་དང་། ཤིང་རྟ་རྣམས་མེས་སྲེག་པར་དགོས་ཞེས་བཀའ་སྩལ་ཏོ། ༧ ཡང་ཡོ་ཤུ་ཨ་དམག་མི་ཐམས་ཅད་དང་བཅས་མེ་རོམ་ཆུ་འགྲམ་དུ་ཡོད་པ་དེ་དག་ལ་བློ་བུར་དུ་རུབ་པར་བྱས་པ་དང་། ༨ ཡ་ཧོ་ཝཱས་དེ་དག་ཨིས་ར་ཨེལ་གྱི་ལག་ཏུ་གནང་བས། དེ་དག་འཕམ་པར་བྱས་ནས་ཚི་དོན་ཆེན་པོ་དང་མིས་རེ་ཕོད་མཱ་ཨིམ་དང་ཤར་ཕྱོགས་སུ་མིས་པཱའི་བར་དུ་དེ་དག་གི་རྗེས་སུ་དེད་དེ། དེ་དག་ལས་ཐར་བ་གཅིག་ཀྱང་མ་ལུས་པར་ཕམ་པར་བྱས་སོ། ༩ དེ་ནས་ཡོ་ཤུ་ཨས་ནི་ཡ་ཧོ་ཝཱས་བཀའ་གནང་བ་བཞིན་དུ་དེ་དག་གི་རྟ་རྣམས་ཀྱི་སུག་པ་བྲེགས་ཏེ་ཤིང་རྟ་རྣམས་མེས་བསྲེགས་སོ༎
༡༠ ཡང་དེའི་ཚེ་ཡོ་ཤུ་ཨ་ཕྱིར་ལོག་ཅིང་ཧ་ཙོར་བཅོམ་ནས་དེའི་རྒྱལ་པོ་ལ་རལ་གྲིས་བརྡུངས་སོ། སྔར་གྱི་དུས་སུ་ཧ་ཙོར་ནི་རྒྱལ་ཁམས་དེ་ཐམས་ཅད་ཀྱི་མགོ་ཡོད་པ་ཡིན་ཏེ། ༡༡ དེར་ཡོད་པའི་མི་ཐམས་ཅད་རྩད་ནས་མེད་པར་བྱེད་ཅིང་རལ་གྲིའི་ཁས་བརྡུངས་ནས། དབུགས་ཐོགས་ཚད་གང་ཡང་མ་ལུས། ཧ་ཙོར་མེས་སྲེགས་སོ། ༡༢ རྒྱལ་པོ་དེ་དག་གི་གྲོང་ཁྱེར་ཐམས་ཅད་རྒྱལ་པོ་རང་རྣམས་དང་བཅས་པ་ཡོ་ཤུ་ཨས་བཟུང་ནས་རལ་གྲིའི་ཁས་བརྡུངས་པ་དང་། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་བསྒོ་བ་བཞིན་དུ་ཚར་བཅད་དོ། ༡༣ འོན་ཀྱང་རི་ཕྲན་ཁར་ཡོད་པའི་གྲོང་ཁྱེར་རྣམས་ལས་ཡོ་ཤུ་ཨས་བསྲེགས་པའི་ཧ་ཙོར་མ་གཏོགས་པར་གཞན་ཨིས་ར་ཨེལ་གྱིས་མེས་མ་སྲེགས་སོ། ༡༤ ཡང་གྲོང་ཁྱེར་དེ་ཐམས་ཅད་ཀྱི་ནོར་དང་ཕྱུགས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བཅོམ་ནོར་དུ་ཁྱེར་གྱི། མི་ཐམས་ཅད་རལ་གྲིའི་ཁས་བརྡུངས་ནས་དབུགས་ཡོད་པ་གང་ཡང་ལུས་མ་བཅུག་གོ། ༡༥ ཡ་ཧོ་ཝཱས་བྲན་པོ་མོ་ཤེ་ལ་བཀའ་སྩལ་པ་བཞིན་དུ་མོ་ཤེས་ཀྱང་ཡོ་ཤུ་ཨ་ལ་བསྒོ་བ་དང་། ཡོ་ཤུ་ཨས་དེ་བཞིན་དུ་བསྒྲུབས་ཤིང་། ཡ་ཧོ་ཝཱས་མོ་ཤེ་ལ་ཅི་དང་ཅི་བཀའ་གནང་བ་ཐམས་ཅད་མ་བསྒྲུབས་པར་ཅིའང་ལུས་སུ་མ་བཅུག་གོ།
༡༦ ཡང་ཡོ་ཤུ་ཨས་བཅོམ་པའི་ཡུལ་ཐམས་ཅད་ནི་འདི་ལྟ་སྟེ། རི་རྒྱུད་དང་ལྷོ་ཕྱོགས་ཀྱི་ཡུལ་ཐམས་ཅད་དང་གོ་ཤེན་ཡུལ་ཐམས་ཅད་དང་ལུང་པ་དང་ཐང་དང་ཨིས་ར་ཨེལ་གྱི་རི་རྒྱུད་དང་དེར་ཡོད་པའི་ལུང་པ། ༡༧ སེ་ཨིར་གྱི་ཕྱོགས་སུ་གྱེན་དུ་འགྲོ་བའི་རི་སྟོང་ནས་བཟུང་སྟེ་རི་ཧེར་མོན་གྱི་འགྲམ་ལ་ལི་བ་ནོན་གྱི་ལུང་པར་ཡོད་པའི་བ་ཨཱལ་གད་ཀྱི་བར་དུའོ། ཡང་དེ་དག་གི་རྒྱལ་པོ་ཐམས་ཅད་བཟུང་ནས་འཕམ་པར་བྱས་ཤིང་བསད་དོ། ༡༨ ཡུན་རིང་པོའི་བར་དུ་ཡོ་ཤུ་ཨས་རྒྱལ་པོ་དེ་ཐམས་ཅད་ལ་དམག་དྲངས་སོ། ༡༩ གི་བེ་ཨོན་ན་གནས་པའི་ཧི་ཝི་པ་རྣམས་མ་གཏོགས་པར་ཨིས་ར་ཨེལ་གྱི་བུ་རྣམས་དང་བཟང་སྒྲིག་བྱེད་ཅིང་དེ་དག་ལ་འབངས་བྱེད་པའི་གྲོང་ཁྱེར་ཅིག་ཀྱང་མ་ལུས་པར་ཐམས་ཅད་ལ་འཐབ་མོ་བྱས་པའི་རྐྱེན་གྱིས་བཟུང་ངོ་། ༢༠ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེ་དག་རྩད་ནས་མེད་པར་མཛད་ཅིང་ཐུགས་བཟོད་མ་བསྟན་པར་ཉིད་ཀྱིས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ། དེ་དག་མེད་པར་མཛད་པའི་སླད་དུ་དེ་དག་གི་སྙིང་སྲ་བར་མཛད་པས། དེ་དག་གིས་འཐབ་མོ་བྱེད་པའི་བྱ་བ་དེ་ཡ་ཧོ་ཝཱ་ནས་བྱུང་བའི་ཕྱིར་རོ༎
༢༡ ཡང་དུས་དེ་ཉིད་དུ་ཡོ་ཤུ་ཨ་འོངས་ཤིང་རི་རྒྱུད་དང་ཧེབ་རོན་དང་དེ་བིར་དང་ཨ་ནབ་དང་ཡུ་དཱ་ཡི་རི་རྒྱུད་ཐམས་ཅད་དང་ཨིས་ར་ཨེལ་གྱི་རི་རྒྱུད་ཐམས་ཅད་ལས་ཨ་ནག་པ་རྣམས་མེད་པར་བྱས་ཤིང་། ཡོ་ཤུ་ཨས་དེ་དག་གི་གྲོང་ཁྱེར་དང་ལྷན་ཅིག་ཏུ་མེད་པར་བྱས་སོ། ༢༢ ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཡུལ་གྱི་ནང་ན་ཨ་ནག་པ་སུ་ཡང་མ་ལུས་ཀྱི་ག་ཟཱ་དང་གད་དང་ཨས་དོད་འབའ་ཞིག་ན་ལུས་སོ། ༢༣ དེ་ལྟར་ཡ་ཧོ་ཝཱས་མོ་ཤེ་ལ་ཅི་དང་ཅི་བཀའ་སྩལ་པ་བཞིན་དུ་ཡོ་ཤུ་ཨས་ཡུལ་ཐམས་ཅད་བཅོམ་ནས་ཨིས་ར་ཨེལ་གྱི་སྡེ་དང་བརྒྱུད་རིམ་བཞིན་དུ་དེ་དག་གིས་བདག་ཏུ་འཛིན་པའི་ཕྱིར་བཏང་ངོ་། ཡང་དམག་འཁྲུག་ལས་ཡུལ་དལ་བར་གྱུར་ཏོ༎