༡༠
ཡང་ཡོ་ཤུ་ཨས་ཨ་ཨི་བཅོམ་ནས་དམོད་པར་བྱས་པ་དང་། ཡེ་རི་ཀོ་དང་དེའི་རྒྱལ་པོ་ལ་བྱས་པ་ལྟར་ཨ་ཨི་དང་དེའི་རྒྱལ་པོ་ལ་ཡང་བྱས་པ་དང་། གི་བེ་ཨོན་པས་ཨིས་ར་ཨེལ་དང་བཟང་སྒྲིག་བྱས་པས་དེ་དག་གི་དཀྱིལ་དུ་ཡོད་པའི་གཏམ་དེ་ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་ཨ་དོ་ནི་ཚེ་དེག་གིས་ཐོས་པས། ༢ འཇིགས་སྐྲགས་སོ། དེ་ཅིའི་ཕྱིར་ཞེ་ན། གི་བེ་ཨོན་ནི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ཅིང་རྒྱལ་ས་རྣམས་ལས་རྒྱལ་ས་ལྟ་བུ་ཞིག་ཡིན་ཏེ། ཨ་ཨི་བས་ཆེན་པོ་དང་དེའི་སྐྱེས་པ་ཐམས་ཅད་དམག་རྩལ་ཅན་ཡིན་པའི་ཕྱིར་རོ། ༣ དེས་ན་ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་ཨ་དོ་ནི་ཚེ་དེག་གིས་ཧེབ་རོན་གྱི་རྒྱལ་པོ་ཧོ་ཧམ་དང་། ཡར་མུད་ཀྱི་རྒྱལ་པོ་པིར་ཨམ་དང་། ལཱ་ཁིས་ཀྱི་རྒྱལ་པོ་ཡ་ཕི་ཡཱ་དང་། ཨེག་ལོན་གྱི་རྒྱལ་པོ་དེ་བིར་བཞི་ལ་ཕོ་ཉ་བཏང་ཞིང་དེ་དག་ལ། ༤ ང་ལ་གྲོགས་བྱེད་དུ་གྱེན་དུ་ཤོག་དང་། གི་བེ་ཨོན་གྱིས་ཡོ་ཤུ་ཨ་དང་ཨིས་ར་ཨེལ་གྱི་བུ་རྣམས་དང་བཟང་སྒྲིག་བྱས་པས་ངེད་ཀྱིས་གི་བེ་ཨོན་བཅོམ་པར་བྱ་ཞེས་སྦྲན་ནོ། ༥ ཡང་ཨ་མོར་པའི་རྒྱལ་པོ་རྣམས་ཞེ་ན་ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་དང་། ཧེབ་རོན་གྱི་རྒྱལ་པོ་དང་། ཡར་མུད་ཀྱི་རྒྱལ་པོ་དང་། ལཱ་ཁིས་ཀྱི་རྒྱལ་པོ་དང་། ཨེག་ལོན་གྱི་རྒྱལ་པོ་ལྔ་དམག་དཔུང་ཐམས་ཅད་དང་བཅས་པ་འདུས་ཤིང་འོངས་པས་གི་བེ་ཨོན་གྱི་ཐད་དུ་དམག་སྒར་བཏབ་ནས་དེ་ལ་དམག་དྲངས་སོ༎༦ ཡང་གི་བེ་ཨོན་པས་ཡོ་ཤུ་ཨའི་དྲུང་དུ་གིལ་གལ་ན་ཡོད་པའི་སྒར་དུ་ཕོ་ཉ་བཏང་ཞིང་དེ་ལ་རི་རྒྱུད་ན་གནས་པའི་ཨ་མོར་པའི་རྒྱལ་པོ་ཐམས་ཅད་ཀྱིས་བདག་ཅག་གི་དགྲ་བྱེད་དུ་འདུས་པས། བྲན་རྣམས་ཁྱེད་ཀྱི་ཕྱག་ནས་མི་སྤང་བར་མྱུར་དུ་བདག་ཅག་ལ་ར་མདའ་མཛད་དུ་གཤེགས་ཤིང་སྐྱོབ་པར་མཛད་དུ་གསོལ་ཞིག་ཅེས་སྤྲིངས་པས། ༧ ཡོ་ཤུ་ཨ་རང་དང་ལྷན་ཅིག་ཏུ་དམག་མི་ཐམས་ཅད་དང་མི་གྱད་པ་ཐམས་ཅད་གིལ་གལ་ནས་གྱེན་དུ་སོང་ངོ་། ༨ ཡང་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་འདི་སྐད་དུ། དེ་དག་ལ་མ་འཇིགས་ཤིག ངས་དེ་དག་ཁྱོད་ཀྱི་ལག་ཏུ་བཏང་བས་སྐྱེས་པ་གང་ཞིག་ཀྱང་ཁྱོད་ཀྱི་འགྲན་ཟླ་བྱེད་པར་མི་འགྱུར་རོ་ཞེས་བཀའ་སྩལ་ཏོ། ༩ ཡང་ཡོ་ཤུ་ཨ་་གིལ་གལ་ནས་མཚན་ཐོག་ཐག་སོང་ནས་གློ་བུར་དུ་དེ་དག་གི་ཐོག་ཏུ་བྱུང་བ་དང་། ༡༠ ཡ་ཧོ་ཝཱས་དེ་དག་ཨིས་ར་ཨེལ་གྱི་མདུན་ནས་འཁྲུག་ཏུ་བཅུག་ཅིང་གི་བེ་ཨོན་དུ་གསོད་གཅོད་དྲག་པོས་དེ་དག་བརྡུངས་ནས་གྱེན་དུ་བེད་ཧོ་རོན་གྱི་ལམ་ལ་བདས་པ་དང་། ཨ་ཟེ་ཀཱ་དང་མ་ཀེ་དཱ་ཡི་བར་དུ་དེ་དག་ལ་བརྡུངས་སོ། ༡༡ ཡང་དེ་དག་ཨིས་ར་ཨེལ་གྱི་དྲུང་ནས་ཤོར་ཞིང་བེད་ཧོ་རོན་དུ་འབབ་པ་ལས། ཡ་ཧོ་ཝཱས་ནམ་མཁའ་ལས་དེ་དག་གི་ཐོག་ཏུ་ཨ་ཟེ་ཀཱའི་བར་དུ་རྡོ་བ་ཆེ་བ་རྣམས་ཕབ་པས་དེ་དག་ཤིའོ། ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་རལ་གྲིས་བསད་པའི་གྲངས་ལས་སེར་བས་བསད་པའི་མིའི་གྲངས་ཆེའོ༎
༡༢ ཡ་ཧོ་ཝཱས་ཨ་མོར་པ་རྣམས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དབང་དུ་གནང་བའི་ཉིན་དེ་ཉིད་ལ་ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་མཐོང་ངོར་ཡ་ཧོ་ཝཱ་ལ་ཞུ་གླེང་འདི་ཞུས་པ། ཉི་མ་ཁྱེད་ནི་གི་བེ་ཨོན་ནས་ཕར་མ་འགྲོ། ཟླ་བ་ཁྱོད་ནི་ལུང་པ་ཨ་ཡ་ལོན་དུ་སྡོད། ༡༣ མི་བརྒྱུད་ཀྱིས་དགྲ་ལས་དགྲ་ལན་བླང་བའི་བར། ཉི་མ་ཕར་མ་སོང་ཞིག་ཟླ་བ་སྡོད་པར་བྱོས། དེ་སྐད་ཅེས་ཡ་ཤཱ་ཨར་༼བོད་སྐད་དུ་ཆོས་དྲང་བ་རྣམས་༽ཀྱི་མདོ་ཞེས་བྱ་བ་ན་བྲིས་པ་མ་ཡིན་ནམ། ཡང་ཉི་མ་ནམ་མཁའི་དབུས་ན་མ་གཡོ་བར་བསྡད་ཅིང་ཉིན་ཧྲིལ་པོ་ཙམ་ནུབ་པ་ལ་མ་རིངས་སོ། ༡༤ ཡ་ཧོ་ཝཱས་སྐྱེས་པ་ཞིག་གི་སྐད་ལ་གསན་པ་དང་འདྲ་བའི་ཉིན་མོ་སྔར་ཡང་མ་བྱུང་། རྗེས་སུ་ཡང་མ་བྱུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་ཕྱོགས་མཛད་ཅིང་འཐབ་པའི་ཕྱིར་རོ༎
༡༥ ཡང་ཡོ་ཤུ་ཨ་དང་ཨིས་ར་ཨེལ་ཐམས་ཅད་དེ་དང་ལྷན་ཅིག་ཏུ་གིལ་གལ་ན་ཡོད་པའི་སྒར་དུ་ཕྱིར་ལོག་གོ།
༡༦ ཡང་རྒྱལ་པོ་ལྔ་དེ་ཤོར་ནས་མ་ཀེ་དཱ་ཡི་ཕུག་པར་ཡིབ་པར་བྱས་སོ། ༡༧ དེར་དེ་དག་གིས་ཡོ་ཤུ་ཨ་ལ་རྒྱལ་པོ་ལྔ་དེ་མ་ཀེ་དཱའི་ཕུག་པ་ན་བརྙེད་དོ་ཞེས་སྦྲན་པས། ༡༨ ཡོ་ཤུ་ཨ་ན་རེ། ཕུག་པའི་ཁའི་རྩར་རྡོ་ཆེན་པོ་རྣམས་སྒྲིལ་ལ་སྲུང་བའི་མི་རྣམས་དེར་ཞོག་ཅིག ༡༩ འོན་ཀྱང་ཁྱེད་རང་ནི་ཕ་རོལ་པ་རྣམས་ལ་འདེད་ཅིང་དེ་དག་གི་རྟིང་མཇུག་ལ་རྡུངས་ཤིག་དང་། དེ་དག་རང་གི་གྲོང་ཁྱེར་རྣམས་སུ་འབྲོས་སུ་མ་འཇུག་ཅིག ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་དེ་དག་ཁྱོད་ཀྱི་ལག་ཏུ་གནང་བའི་ཕྱིར་རོ། ༢༠ ཡང་ཡོ་ཤུ་ཨ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་དག་གསོད་གཅོད་དྲག་པོས་བརྡུངས་ཤིང་མེད་པར་བྱེད་པ་ཚར་ནས། དེ་དག་ལས་ལུས་པ་རྣམས་རྫོང་རྣམས་སུ་ཤོར་ཞིང་ཐར་རོ། ༢༡ ཡང་མི་སྡེ་ཐམས་ཅད་ཁམས་བདེ་བར་ཡོ་ཤུ་ཨའི་དྲུང་དུ་མ་ཀེ་དཱ་རུ་ཡོད་པའི་སྒར་དུ་ཕྱིར་ལོག་ཅིང་། ཨིས་ར་ཨེལ་གྱི་བུ་རྣམས་ལས་གང་ལ་ཡང་མི་སུས་ཀྱང་ལྕེ་སྒུལ་བར་མ་བཏུབ་བོ༎
༢༢ དེ་ནས་ཡོ་ཤུ་ཨས་ད་ཕུག་པའི་ཁ་ཕྱེས་ནས་ཕུག་པའི་ནང་ནས་རྒྱལ་པོ་ལྔ་དེ་ངའི་དྲུང་དུ་ཁྲིད་ཅིག་བསྒོ་བ་དང་། དེ་དག་གིས་དེ་བཞིན་དུ་བྱེད་ཅིང་དེའི་དྲུང་དུ་ཕུལ་པ་ལས་ཕྱི་རོལ་དུ་ཁྲིད་པའི་རྒྱལ་པོ་ལྔ་ནི། ༢༣ ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་དང་ཧེབ་རོན་གྱི་རྒྱལ་པོ་དང་ཡར་མུད་ཀྱི་རྒྱལ་པོ་དང་ལཱ་ཁིས་ཀྱི་རྒྱལ་པོ་དང་ཨེག་ལོན་གྱི་རྒྱལ་པོ་དང་ལྔའོ། ༢༤ ཡང་དེ་དག་གིས་རྒྱལ་པོ་ལྔ་དེ་ཡོ་ཤུ་ཨའི་དྲུང་དུ་ཕྱི་རོལ་ཏུ་ཁྲིད་པའི་ཚེ། ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་མི་ཐམས་ཅད་ཚུར་བོས་ནས་ཁོ་རང་དང་མཉམ་དུ་སོང་བའི་དམག་དཔོན་རྣམས་ལ། ད་ཚུར་ཤོག་ལ་རྒྱལ་པོ་འདི་དག་གི་མཇིང་པ་ལ་ཁྱེད་ཀྱི་རྐང་པ་ཞོག་ཅིག་ཅེས་བསྒོ་བས། དེ་དག་ཚུར་འོངས་ཤིང་དེ་དག་གི་མཇིང་པ་ལ་རྐང་པ་བཞག་གོ། ༢༥ ཡང་ཡོ་ཤུ་ཨས་དེ་དག་ལ་མ་འཇིགས་ཤིག་ཉམས་མ་ང་བར་སྙིང་རུས་སྐྱེད་ལ་བརྟན་པར་གནས་ཤིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ནི་ཁྱེད་ཀྱིས་འཐབ་པའི་ཕ་རོལ་པ་ཐམས་ཅད་ལ་འདི་དང་འདྲ་བར་མཛད་པར་འགྱུར་རོ་ཞེས་སྨྲས་སོ། ༢༦ ཡང་དེའི་འོག་ཏུ་ཡོ་ཤུ་ཨས་དེ་དག་ལ་བརྡུངས་ནས་བསད་དེ། སྐྱེ་ཤིང་ལྔ་ལ་འཕྱར་ནས་དགོངས་མོའི་བར་དུ་ཤིང་ལས་དཔྱངས་པར་གནས་སོ། ༢༧ ཡང་ཉི་མ་ནུབ་དུས་སུ་ཡོ་ཤུ་ཨས་བསྒོ་བས་དེ་དག་ཤིང་སྡོང་ལས་ཕབ་སྟེ། གང་ན་ཡིབ་པའི་ཕུག་པར་དེ་དག་གི་རོ་རྣམས་བསྐྱུར་ནས་དེ་རིང་གི་བར་དུ་ཕུག་པའི་ཁ་ལ་རྡོ་ཆེན་པོ་རྣམས་བསྒྲིལ་ཏོ༎
༢༨ ཡང་ཉིན་དེ་ཉིད་ལ་ཡོ་ཤུ་ཨས་མ་ཀེ་དཱ་བཅོམ་ཞིང་རལ་གྲིའི་ཁས་བརྡུངས་ནས། དེའི་རྒྱལ་པོ་དང་དེར་གནས་པའི་མི་ཐམས་ཅད་ཡོངས་སུ་ཚར་བཅད་དེ། མི་གཅིག་ཀྱང་ཤོར་མ་བཅུག་གོ། ཡེ་རི་ཀོའི་རྒྱལ་པོ་ལ་བྱས་པ་ལྟར་མ་ཀེ་དཱ་ཡི་རྒྱལ་པོ་ལ་ཡང་བྱས་སོ༎
༢༩ དེའི་རྗེས་སུ་ཡོ་ཤུ་ཨ་་ཨིས་ར་ཨེལ་ཐམས་ཅད་དང་བཅས་པ་ལིབ་ནཱ་རུ་སོང་ནས་དེ་ལ་དམག་དྲངས་སོ། ༣༠ དེ་ཡང་རྒྱལ་པོ་དང་བཅས་པ་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་ལག་ཏུ་གནང་ཞིང་དེར་ཡོད་པའི་སེམས་ཐམས་ཅད་རལ་གྲིའི་ཁས་བརྡུངས་ནས། མི་གཅིག་ཀྱང་ཤོར་མ་བཅུག་གོ། ཡེ་རི་ཀོའི་རྒྱལ་པོ་ལ་བྱས་པ་ལྟར་དེ་དག་གི་རྒྱལ་པོ་ལ་ཡང་བྱས་སོ༎
༣༡ དེའི་རྗེས་སུ་ཡོ་ཤུ་ཨ་་ཨིས་ར་ཨེལ་ཐམས་ཅད་དང་བཅས་སུ་ལིབ་ནཱ་ནས་ལཱ་ཁིས་སུ་སོང་བ་དང་། དམག་སྒར་བཏབ་ནས་དེ་ལ་དམག་དྲངས་སོ། ༣༢ ཡང་ཡ་ཧོ་ཝཱས་ལཱ་ཁིས་་ཨིས་ར་ཨེལ་གྱི་ལག་ཏུ་གནང་བས་ཞག་གཉིས་པ་ལ་བཅོམ་ཞིང་དེར་ཡོད་པའི་སེམས་ཐམས་ཅད་རལ་གྲིའི་ཁས་བརྡུངས། ལིབ་ནཱ་ལ་བྱས་པ་ཁོ་ན་བཞིན་ནོ། ༣༣ དེའི་ཚེ་ལཱ་ཁིས་ལ་ར་མདའ་བྱེད་དུ་གེ་ཟེར་གྱི་རྒྱལ་པོ་ཧོ་རམ་གྱེན་དུ་འོངས་ཀྱི། ཡོ་ཤུ་ཨས་དེ་དང་དེའི་མི་ཚོགས་ལ་བརྡུངས་ནས་མི་གཅིག་ཀྱང་མ་ཐར་རོ༎
༣༤ དེ་ནས་ཡོ་ཤུ་ཨ་དང་ཨིས་ར་ཨེལ་ཐམས་ཅད་ལཱ་ཁིས་ནས་ཨེག་ལོན་དུ་སོང་བ་དང་། དམག་སྒར་བཏབ་ཅིང་དེ་དག་ལ་དམག་དྲངས་སོ། ༣༥ ཡང་ཉིན་དེ་ཉིད་དུ་བཅོམ་ནས་དེར་ཡོད་པའི་སེམས་ཐམས་ཅད་རལ་གྲིའི་ཁས་བརྡུངས་པ་དང་། ལཱ་ཁིས་ལ་བྱས་པ་ཁོ་ན་བཞིན་དུ་ཉིན་དེ་ཉིད་དུ་རྩད་ནས་མེད་པར་བྱས་སོ༎
༣༦ ཡང་ཡོ་ཤུ་ཨ་ནི་ཨིས་ར་ཨེལ་ཐམས་ཅད་དང་བཅས་པ་ཨེག་ལོན་ནས་ཧེབ་རོན་དུ་སོང་ནས་དེ་ལ་དམག་དྲངས་སོ། ༣༧ ཡུལ་དེ་བཅོམ་ནས་རྒྱལ་པོ་དང་གྲོང་ཚོ་ཐམས་ཅད་དང་དེར་ཡོད་སེམས་ཐམས་ཅད་རལ་གྲིའི་ཁས་བརྡུངས་ནས། ཨེག་ལོན་ལ་བྱས་པ་ཁོ་ན་བཞིན་དུ་མི་གཅིག་ཀྱང་ཐར་མ་བཅུག་པར་གནས་དེ་ཉིད་དང་དེར་ཡོད་པའི་སེམས་ཐམས་ཅད་ཚར་བཅད་དོ༎
༣༨ དེ་ནས་ཡོ་ཤུ་ཨ་་ཨིས་ར་ཨེལ་ཐམས་ཅད་དང་བཅས་སུ་དེ་བིར་གྱི་ཕྱོགས་སུ་བསྒྱུར་ཞིང་དེ་ལ་དམག་དྲངས་སོ། ༣༩ ཡུལ་དེ་དང་དེའི་རྒྱལ་པོ་དང་གྲོང་ཚོ་ཐམས་ཅད་བཅོམ་ནས། རལ་གྲིའི་ཁས་བརྡུངས་ཤིང་དེར་ཡོད་པའི་མི་ཐམས་ཅད་མེད་པར་བྱས་ཏེ། ཧེབ་རོན་ལ་བྱས་པ་དང་ལིབ་ནཱ་དང་དེའི་རྒྱལ་པོ་ལ་བྱས་པ་ཁོ་ན་བཞིན་དུ་དེ་བིར་དང་དེའི་རྒྱལ་པོ་ལ་ཡང་བྱས་ཤིང་མི་གཅིག་ཀྱང་ཐར་མ་བཅུག་གོ།
༤༠ ཡང་ཡོ་ཤུ་ཨས་ཡུལ་ཐམས་ཅད་རི་ཡུལ་དང་ལྷོ་ཕྱོགས་ཀྱི་ཡུལ་དང་མདོ་དང་། ཕྲེད་ཀྱི་ཡུལ་འཁོར་དང་། དེ་དག་གི་རྒྱལ་པོ་ཐམས་ཅད་བརྡུངས་ཤིང་མི་གཅིག་ཀྱང་ཐར་མ་བཅུག་སྟེ། དབུགས་དང་ལྡན་པ་ཐམས་ཅད་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་བཀའ་སྩལ་པ་བཞིན་དུ་མེད་པར་བྱས་སོ། ༤༡ ཁ་དཱེས་བར་ནེ་ཨ་ནས་ག་ཟཱའི་བར་དུ་དང་། གོ་ཤེན་ཡུལ་འཁོར་ཐམས་ཅད་གི་བེ་ཨོན་གྱི་བར་དུ་ཡོ་ཤུ་ཨས་བརྡུངས་སོ། ༤༢ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ཨིས་ར་ཨེལ་གྱི་ཕྱོགས་མཛད་ཅིང་འཐབ་པར་མཛད་པས་ཡོ་ཤུ་ཨས་ལན་གཅིག་ཏུ་རྒྱལ་པོ་དེ་ཐམས་ཅད་དང་དེ་དག་གི་ཡུལ་བཅོམ་མོ། ༤༣ ཡང་ཡོ་ཤུ་ཨ་་ཨིས་ར་ཨེལ་ཐམས་ཅད་དང་བཅས་པ་གིལ་གལ་ན་ཡོད་པའི་སྒར་དུ་ཕྱིར་ལོག་གོ།