༧
འོན་ཀྱང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་བསྔོས་པའི་ནོར་ལ་བལྟས་ཏེ་ཉེས་པ་བྱས་སོ། ཡུ་དཱའི་སྡེ་ལས་སེ་རག་གི་བུ་ཟབ་དཱི་དེའི་བུ་ཀར་མི་དེའི་བུ་ཨ་ཁན་གྱིས་བསྔོས་པའི་ནོར་ལས་བླངས་པས། ཡ་ཧོ་ཝཱའི་ཐུགས་ཁྲོ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཐོག་ཏུ་འབར་རོ༎༢ ཡང་ཡོ་ཤུ་ཨས་ཡེ་རི་ཀོ་ནས་བེད་ཨེལ་གྱི་ཤར་ཕྱོགས་སུ་བེད་ཨ་ཝེན་དང་ཉེ་བའི་ཨ་ཨི་རུ་མི་རྣམས་བཏང་ཞིང་དེ་དག་ལ་འདི་སྐད་དུ། ཡུལ་ལ་ལྟ་ཉུལ་བྱེད་དུ་གྱེན་ལ་སོང་ཞིག་ཟེར་བས་མི་རྣམས་ཨ་ཨི་ལྟ་རུ་གྱེན་ལ་སོང་ངོ་། ༣ ཡང་དེ་དག་ཡོ་ཤུ་ཨའི་མདུན་དུ་ཕྱིར་ལོག་ནས་དེ་ལ། མི་སྡེ་ཐམས་ཅད་གྱེན་དུ་འགྲོ་མི་དགོས་ཏེ། ཨ་ཨི་འཇོམ་པ་ལ་མི་སྟོང་གཉིས་གསུམ་གྱེན་དུ་འགྲོ་བས་ཆོག དེ་དག་གི་གྲངས་ཉུང་བ་ཡིན་པས་མི་སྡེ་ཐམས་ཅད་ལ་དཀའ་ལས་འགེལ་བར་མི་རུང་ངོ་ཞེས་སྨྲས་སོ། ༤ དེས་ན་མི་སྡེ་ལས་སྟོང་གསུམ་ཙམ་དེར་སོང་ནས། ཨ་ཨིའི་མི་རྣམས་ཀྱི་དྲུང་ནས་བྲོས་པ་དང་། ༥ ཨ་ཨི་པ་རྣམས་ཀྱིས་དེ་དག་ལས་མི་སུམ་ཅུ་སོ་དྲུག་ཙམ་བསད་ནས། རྒྱ་སྒོ་ནས་ཤེ་བཱ་རིམ་གྱི་བར་དུ་དེ་དག་ལ་དེད་ཅིང་ཐུར་འབབ་ལ་ཡང་དེ་དག་ལས་རྒྱལ་ལོ། དེའི་ཕྱིར་མི་སྡེའི་སྙིང་འདར་ནས་ཆུ་ལྟར་གྱུར་ཏོ༎
༦ ཡང་ཡོ་ཤུ་ཨས་རང་གི་གོས་རྣམས་དྲལ་ཞིང་དགོངས་མོའི་བར་དུ་ཡ་ཧོ་ཝཱའི་སྒྲོམ་གྱི་མདུན་དུ་ལུས་ས་ལ་བརྡབས་ཏེ། དེ་རང་དང་ཨིས་ར་ཨེལ་གྱི་རྒན་པོ་རྣམས་ཀྱིས་རང་གི་མགོ་ལ་ཐལ་བ་གཡོགས་སོ། ༧ ཡང་ཡོ་ཤུ་ཨས་འདི་སྐད་དུ། ཀྱེ་གཙོ་བོ་ཡ་ཧོ་ཝཱ། ངེད་འཆི་བའི་ཕྱིར་ཨ་མོར་པ་རྣམས་ཀྱི་ལག་ཏུ་གནང་བའི་དོན་དུ་ཁྱེད་ཀྱིས་མི་བརྒྱུད་འདི་ཡོར་དན་གྱི་ཚུ་རོལ་ཅི་ལ་དྲངས་པ་ཡིན། ངེད་ཀྱི་ཚོད་བཟུང་ནས་ཡོར་དན་གྱི་ཕ་རོལ་དུ་བསྡད་པ་ཡིན་ན་ཅི་མ་རུང་། ༨ ཀྱེ་གཙོ་བོ་ཨིས་ར་ཨེལ་གྱིས་ཕ་རོལ་པ་རྣམས་ལ་རྒྱབ་བསྟན་ཞིང་ཤོར་བའི་འོག་ཏུ་ངས་ཅི་གསོལ་བར་བྱ། ༩ ཀ་ན་ཨན་པ་དང་ཡུལ་ན་གནས་པའི་མི་ཐམས་ཅད་ཀྱིས་གཏམ་དེ་ཐོས་ནས། ངེད་ལ་མཐའ་བསྐོར་ནས་ངེད་ཀྱི་མིང་ས་གཞིའི་ངོས་ལས་མེད་པར་བྱ། ཡང་ཁྱེད་རང་གི་མཚན་ཆེན་པོའི་སླད་དུ་ཅི་མཛད་པར་བྱ་ཞེས་ཞུས་སོ༎
༡༠ དེར་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་ད་ལོངས་ཤིག ཅིའི་ཕྱིར་ཁྱོད་ལུས་ས་ལ་རྡབས་ཏེ་ཉལ། ༡༡ ཨིས་ར་ཨེལ་གྱིས་ཉེས་པ་བྱས་ཏེ་ངས་དེ་དག་ལ་བསྒོ་བའི་ཞལ་ཆད་ལས་འགལ་ནས། དེ་དག་གིས་བསྔོས་པའི་ནོར་ལས་བརྐུས་ཏེ་ཁྱེར་ནས་སྦས་ཏེ་ཡོ་བྱད་ཀྱི་ཁྲོད་དུ་བཞག་ཡོད། ༡༢ ད་ཨིས་ར་ཨེལ་གྱི་བུ་རྣམས་དམོད་པར་གྱུར་པས་ཕ་རོལ་པ་རྣམས་ཀྱི་ངོར་ཚུགས་མི་ཐུབ་པར་ཕ་རོལ་པ་རྣམས་ལ་ཤུལ་རྒྱབ་སྟོན་ནོ། བསྔོས་པའི་རྫས་དེ་ནི་ཁྱེད་ཀྱི་དཀྱིལ་ནས་མེད་པར་མི་བྱེད་པའི་བར་དུ་ང་ད་ཕྱིན་ཆད་ཁྱེད་དང་འགྲོགས་པར་མི་བྱའོ། ༡༣ ད་ལོངས་ལ་མི་སྡེ་ཐམས་ཅད་གཙང་སྦྲ་བྱོས་ལ་འདི་སྐད་ཅེས་སྨྲོས་ཤིག ནང་པར་གྱི་ཕྱིར་ཁྱེད་རྣམས་གཙང་སྦྲ་བྱོས་ཤིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས། ཀྱེ་ཨིས་ར་ཨེལ། བསྔོས་པའི་རྫས་ཤིག་ཁྱོད་ཀྱི་དཀྱིལ་ན་ཡོད་པས། བསྔོས་པ་དེ་ཁྱོད་ཅག་གི་དཀྱིལ་ནས་མེད་པར་མ་བྱས་པའི་བར་དུ་ཁྱོད་ཅག་གི་ཕ་རོལ་པ་རྣམས་ཀྱི་ངོར་འཚུགས་པར་མི་ནུས་ཞེས་བཀའ་གནང་ངོ་། ༡༤ སང་སྔ་དྲོ་ཁྱེད་ཀྱིས་སྡེ་རྣམས་རིམ་བཞིན་ཚུར་འདྲེན་ཏེ། ཡ་ཧོ་ཝཱས་འཛིན་པའི་སྡེ་དེ་རང་གི་བརྒྱུད་རྣམས་རིམ་པ་བཞིན་ཚུར་འོང་བ་དང་། ཡ་ཧོ་ཝཱས་བསྟན་པའི་བརྒྱུད་དེ་རང་གི་ཁྱིམ་རྣམས་རིམ་བཞིན་ཚུར་འོང་བ་དང་། ཡ་ཧོ་ཝཱས་བཟུང་བའི་ཁྱིམ་དེ་རང་གི་སྐྱེས་པ་རྣམས་རིམ་པ་བཞིན་ཚུར་འོང་བར་དགོས། ༡༥ ཡང་བསྔོས་པའི་རྫས་དེ་ཡོད་པའི་མི་དེ་བཟུང་ནས་མི་དེ་ལ་གཏོགས་པ་ཐམས་ཅད་དང་བཅས་པ་མེས་སྲེག་པར་དགོས། དེ་ཅིའི་ཕྱིར་ཞེ་ན། མི་དེས་ཡ་ཧོ་ཝཱའི་ཞལ་ཆད་ལས་འགལ་ཞིང་ཨིས་ར་ཨེལ་གྱི་ཁྲོད་ན་ཉེས་པ་ཞིག་བྱས་པའི་ཕྱིར་རོ་ཞེས་བཀའ་གནང་ངོ་༎
༡༦ དེ་ནས་ཡོ་ཤུ་ཨ་ཐོ་རངས་ལ་ལངས་ཏེ་ཨིས་ར་ཨེལ་པའི་སྡེ་རྣམས་རིམ་བཞིན་ཚུར་འོང་བཅུག་ནས་ཡུ་དཱའི་སྡེ་བཟུང་ངོ་། ༡༧ ཡང་ཡུ་དཱའི་བརྒྱུད་རྣམས་ཚུར་འོང་བཅུག་ནས་སེ་རག་པའི་བརྒྱུད་བཟུང་། ཡང་སེ་རག་པའི་བརྒྱུད་སྐྱེས་པ་རེ་རེ་བཞིན་ཚུར་འོང་བཅུག་ནས་ཟབ་དཱི་བཟུང་། ༡༨ ཡང་དེའི་ཁྱིམ་གྱི་མི་རེ་ཚུར་འོང་བཅུག་ནས་ཡུ་དཱ་སྡེ་ལས་སེ་རག་གི་བུ་ཟབ་དཱི་དེའི་བུ་ཀར་མི་དེའི་བུ་ཨ་ཁན་བཟུང་ངོ་། ༡༩ ཡང་ཡོ་ཤུ་ཨས་ཨ་ཁན་ལ། ངའི་བུ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་སྟོད་ཅིང་ཁོང་གི་དྲུང་དུ་མཐོལ་བར་བྱོས་ཤིག་ང་ལ་མ་གསང་བར་ཁྱོད་ཀྱིས་ཅི་བྱས་པ་ང་ལ་ཤོད་ཅིག ༢༠ ཅེས་སྨྲས་པའི་ལན་དུ་ཨ་ཁན་གྱིས་ཡོ་ཤུ་ཨ་ལ། ངས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྤྱན་སྔར་ངོ་ཐོག་སྡིག་པ་བྱས་པ་ཡིན། ངས་འདི་དང་འདི་བྱས་པ་ཡིན། ༢༡ ངས་བཅོམ་ནོར་གྱི་ནང་ན་ཤི་ནེ་ཨར་པའི་ཨང་ཐུང་མཛེས་པ་ཞིག་དང་དངུལ་སྲང་ཉིས་བརྒྱ་དང་གསེར་གྱི་པག་བུ་གསེར་ལྔ་བཅུ་སྐར་ཡོད་པ་ཞིག་མཐོང་ནས། ནོར་བརྣབས་བྱུང་ནས་དེ་དག་ཁྱེར་པ་ཡིན། ཡང་ལྟོས་ཤིག ངའི་གུར་གྱི་གཞུང་ལ་སའི་འོག་ཏུ་སྦས་ཡོད། ཡང་མཐིལ་ན་དངུལ་དེ་ཡོད་ཅེས་བཤད་དོ༎
༢༢ ཡང་ཡོ་ཤུ་ཨས་བཏང་བའི་མི་དེ་རྣམས་གུར་དུ་བརྒྱུགས་པ་དང་། དེ་ནི་གུར་ན་སྦས་ཡོད་དེ་དངུལ་མཐིལ་ན་འདུག་གོ། ༢༣ ཡང་དེ་དག་གིས་དེ་རྣམས་གུར་གྱི་གཞུང་ནས་བླངས་ཏེ་ཡོ་ཤུ་ཨ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མདུན་དུ་ཁྱེར་བ་དང་། ཡ་ཧོ་ཝཱའི་དྲུང་དུ་བཞག་གོ། ༢༤ དེ་ནས་ཡོ་ཤུ་ཨས་ཨིས་ར་ཨེལ་ཐམས་ཅད་དང་ལྷན་ཅིག་ཏུ་སེ་རག་གི་བུ་ཨ་ཁན་ནི་དངུལ་དང་ཨང་ཐུང་དང་གསེར་གྱི་པག་བུ་དང་། དེའི་བུ་དང་བུ་མོ་དང་ཕྲུ་གུ་དང་བོང་བུ་དང་ལུག་རྣམས་དང་གུར་དང་དེ་ལ་གཏོགས་པ་ཐམས་ཅད་དང་བཅས་པ་ཨ་ཀོར་གྱི་ལུང་པར་ཁྱེར་ཏེ། ༢༥ ཡོ་ཤུ་ཨས་དེ་ལ། ཁྱོད་ཀྱིས་ངེད་ལ་ཅི་ལ་སྡུག་བསྔལ་དུ་བཅུག ད་ཉིན་འདི་ལ་ཡ་ཧོ་ཝཱས་ཁྱོད་ལ་སྡུག་པོ་གནང་བར་འགྱུར་ཞེས་སྨྲས་ནས། ཨིས་ར་ཨེལ་ཐམས་ཅད་ཀྱིས་མི་དེ་རྡོ་རུབ་ལ་བཏང་སྟེ་བསད་པ་དང་། དེ་དག་རྡོ་རུབ་ཀྱིས་བསད་པའི་འོག་མེས་སྲེགས་སོ། ༢༦ དེའི་སྟེང་དུ་རྡོ་ཕུང་ཆེན་པོ་ཞིག་བརྩིགས་ནས་དེ་རིང་གི་ཉིན་མོའི་བར་དུ་ཡོད་དོ། དེ་ནས་ཡ་ཧོ་ཝཱའི་ཐུགས་ཁྲོ་དྲག་པོ་ཞི་བར་གྱུར་ཏོ། དེའི་ཕྱིར་དེ་རིང་གི་ཉིན་མོའི་བར་དུ་གནས་དེའི་མིང་ལ་ལུང་པ་ཨ་ཀོར་ཞེས་ཟེར་རོ༎