ཡང་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ། མ་འཇིགས་ཤིག་སྙིང་མ་ཆུང་ཞིག དམག་མི་ཐམས་ཅད་ཁྱོད་དང་མཉམ་དུ་འཁྲིད་དེ་འདི་ནས་ཆས་ཏེ་ཨ་ཨི་རུ་གྱེན་དུ་སོང་ཞིག ལྟོས་ཤིག ངས་ཨ་ཨི་ཡི་རྒྱལ་པོ་དང་དེའི་མི་རྣམས་དང་གྲོང་ཁྱེར་དང་ཡུལ་ཁྱོད་ཀྱི་ལག་ཏུ་གནང་བ་ཡིན།  ཇི་ལྟར་ཡེ་རི་ཀོ་དང་དེའི་རྒྱལ་པོ་ལ་བྱས་པ་ལྟར་ཨ་ཨི་དང་དེའི་རྒྱལ་པོ་ལ་ཡང་བྱེད་པར་དགོས་ཀྱི། དེར་རྙེད་པའི་ནོར་དང་ཕྱུགས་ཁྱེད་ཀྱི་ཕྱིར་བཅོམ་ནོར་དུ་ཁྱེར་ཞིག ད་གྲོང་ཁྱེར་གྱི་རྒྱབ་ཏུ་ལྐོག་འཇབ་པ་འཇོག་ཅིག་ཅེས་བཀའ་གནང་ངོ་༎
 དེའི་ཚེ་ཡོ་ཤུ་ཨ་དང་དམག་མི་ཐམས་ཅད་ཨ་ཨི་རུ་གྱེན་དུ་འགྲོ་བར་ཆས་སོ། ཡང་ཡོ་ཤུ་ཨས་དམག་མི་རྩལ་ཅན་རིམ་པ་སུམ་ཁྲི་འདམས་ནས་མཚན་དུས་སུ་བཏང་ནས།  དེ་དག་ལ། ཁྱེད་གྲོང་ཁྱེར་གྱི་རྒྱབ་ན་ལྐོག་འཇབ་བྱེད་ཅིང་ཤིན་ཏུ་ཐག་རིང་པོར་མི་སྡོད་པར་ཁྱེད་ཐམས་ཅད་འཕྲལ་འགྲིག་སྡོད་ཅིག  འོན་ཀྱང་ང་དང་། ང་དང་མཉམ་ཡོད་པའི་མི་ཚོགས་གྲོང་ཁྱེར་དང་ཉེ་བར་འགྲོ་ཞིང་དེ་དག་སྔར་ལྟར་ངེད་དང་འཕྲད་དུ་ཕྱི་རོལ་ཏུ་འཐོན་པའི་ཚེ་ངེད་དེ་དག་གི་དྲུང་ནས་འབྲོས་པར་བྱ།  དེ་དག་གྲོང་ཁྱེར་དང་འཕྲལ་བའི་ཕྱིར་ངེད་ཀྱིས་དེ་དག་ངེད་ཀྱི་རྗེས་སུ་འདེད་འཇུག་པས། དེ་དག་གིས་སྔར་ལྟར་ངེད་ཀྱི་དྲུང་ནས་དེ་དག་འབྲོས་སོ་ཞེས་ཟེར་ཡོང་། ངེད་དེ་དག་གི་དྲུང་ནས་འབྲོས་པ་དང་།  ཁྱེད་འཇབས་ལས་ཐོན་ཏེ་གྲོང་ཁྱེར་འཇོམས་པར་དགོས། ཡང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་དེ་ཁྱེད་ཀྱི་ལག་ཏུ་གནང་བར་འགྱུར་རོ།  ཡང་ཁྱེད་ཀྱིས་གྲོང་ཁྱེར་བཅོམ་ནས་གྲོང་ཁྱེར་ལ་མེ་རྒྱབ་པར་དགོས། ཡ་ཧོ་ཝཱའི་བཀའ་སྩལ་པ་བཞིན་དུ་བྱོས་ཤིག ལྟོས་ངས་ཁྱེད་ཚོ་ལ་བསྒོ་བ་ཡིན་ཞེས་སྨྲས་སོ།  ཡང་ཡོ་ཤུ་ཨས་ལྐོག་འཇབ་བྱེད་དུ་མི་དེ་རྣམས་བཏང་བས། བེད་ཨེལ་དང་ཨ་ཨིའི་བར་ལ་ཨ་ཨིའི་ནུབ་ཕྱོགས་སུ་འཇབ་ཅིང་བསྡད་པ་དང་། མཚན་མོ་ལ་ཡོ་ཤུ་ཨ་མི་སྡེའི་ཁྲོད་དུ་བསྡད་དོ༎
༡༠ ཡང་ཡོ་ཤུ་ཨ་ཐོ་རངས་ལ་ལངས་ཏེ་མི་སྡེ་བསྡུས་ནས། ཨིས་ར་ཨེལ་གྱི་རྒན་པོ་དང་བཅས་པ་མི་སྡེའི་སྔོན་དུ་ཨ་ཨིའི་ཕྱོགས་སུ་གྱེན་དུ་སོང་ངོ་། ༡༡ ཡང་དེ་དང་མཉམ་དུ་ཡོད་པའི་དམག་མི་ཐམས་ཅད་གྱེན་དུ་འགྲོ་ཞིང་ཉེ་བར་བསླེབས་ཏེ་གྲོང་ཁྱེར་གྱི་མདུན་དུ་ཕྱིན་ནས་བྱང་ཕྱོགས་སུ་སྒར་བཏབ་པ་དང་། དེ་དག་དང་ཨ་ཨི་ཡི་བར་ལ་ལུང་པ་ཞིག་ཡོད་པ་ཡིན། ༡༢ ཡང་མི་ལྔ་སྟོང་ལྐོག་འཇབ་བྱེད་དུ་བེད་ཨེལ་དང་ཨ་ཨི་ཡི་བར་ན་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་བཞག་གོ། ༡༣ ཡང་དེ་དག་གིས་མི་སྡེ་ཞེ་ན་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་པའི་དམག་སྒར་དང་། གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་སྒུག་པ་རྣམས་བསྒྲིགས་ནས་ཡོ་ཤུ་ཨ་མཚན་མོ་དེ་ལ་ལུང་པའི་གཞུང་དུ་དོང་ངོ་། ༡༤ ཡང་ཨ་ཨི་ཡི་རྒྱལ་པོས་དེ་མཐོང་བའི་ཚེ་ཐོ་རངས་ལ་མྱུར་དུ་ལངས་ཏེ་གྲོང་ཁྱེར་གྱི་མི་རྣམས་སམ། རྒྱལ་པོ་དང་དེའི་མི་བརྒྱུད་ཨིས་ར་ཨེལ་ལ་འཐབ་མོ་བྱེད་དུ་ཁ་འཆམ་པའི་གནས་སུ་ཐང་གི་མདུན་ལ་ཕྱི་རོལ་ཏུ་ཐོན། གྲོང་ཁྱེར་གྱི་རྒྱབ་ཏུ་རང་གི་ཕྱིར་ལྐོག་འཇབ་བཞག་ཡོད་པ་མ་ཤེས་སོ། ༡༥ ཡང་ཡོ་ཤུ་ཨ་དང་ཨིས་ར་ཨེལ་ཐམས་ཅད་དེ་དག་ལས་ཕམ་པ་ལྟར་བྱས་ཤིང་འབྲོག་སྟོང་གི་ལམ་ལ་ཤོར་བས། ༡༦ གྲོང་ཁྱེར་ན་ཡོད་པའི་མི་ཐམས་ཅད་དེ་དག་ལ་འདེད་པའི་ཕྱིར་བོས་ནས་ཡོ་ཤུ་ཨ་ལ་བདས་པ་དང་། གྲོང་ཁྱེར་ལས་འགྱངས་སོ། ༡༧ ཨ་ཨི་དང་བེད་ཨེལ་གྱི་མི་གཅིག་ཀྱང་མ་ལུས་པར་ཨིས་ར་ཨེལ་གྱི་རྗེས་སུ་དེད་པ་དང་། གྲོང་ཁྱེར་གྱི་རྒྱ་སྒོ་རྣམས་ཀྱང་ཕྱེས་ཏེ་བཞག་ནས། ཨིས་ར་ཨེལ་ལ་བདས་སོ༎
༡༨ དེའི་ཚེ་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་ཁྱོད་ཀྱི་ལག་ཏུ་ཡོད་པའི་མདུང་ཨ་ཨིའི་ཕྱོགས་སུ་རྐྱོང་ཞིག ངས་དེ་ཁྱོད་ཀྱི་ལག་ཏུ་གཏོང་ངོ་ཞེས་བཀའ་གནང་བས། ཡོ་ཤུ་ཨས་ལག་ཏུ་ཡོད་པའི་མདུང་གྲོང་ཁྱེར་གྱི་ཕྱོགས་སུ་བརྐྱངས་སོ། ༡༩ ཡང་ལག་པ་རྐྱང་མ་ཐག་འཇབ་མཁན་རྣམས་རང་གི་གནས་ནས་མྱུར་དུ་རྒྱུག་ཅིང་གྲོང་ཁྱེར་གྱི་ནང་དུ་འོངས་ནས་བཅོམ་ནས། མྱུར་དུ་གྲོང་ཁྱེར་ལ་མེ་བརྒྱབ་བོ། ༢༠ ཡང་ཨ་ཨི་པ་རྣམས་ཕྱི་མིག་བལྟས་པས་ད་གྲོང་ཁྱེར་གྱི་དུ་བ་ནམ་མཁར་འཐུལ་བར་མཐོང་བའི་ཚེ། འདིར་རམ་དེར་ཤོར་བའི་སྟོབས་ཡལ་བས། འབྲོག་སྟོང་གི་ཕྱོགས་སུ་ཤོར་བའི་མི་སྡེ་ནི་དེད་པ་རྣམས་ཀྱི་ཕྱོགས་སུ་ཕྱིར་ལོག་གོ། ༢༡ འོན་ཀྱང་ཡོ་ཤུ་ཨ་དང་ཨིས་ར་ཨེལ་ཀུན་གྱིས་ནི་འཇབ་མཁན་རྣམས་ཀྱིས་གྲོང་ཁྱེར་བཅོམ་ནས་གྲོང་ཁྱེར་ནས་དུ་བ་འཐུལ་བར་མཐོང་བས་ཕྱིར་ལོག་ཅིང་ཨ་ཨི་པ་རྣམས་ཕམ་པར་བྱས་སོ། ༢༢ ཡང་ཁོ་རྣམས་དེ་དག་གི་ཕྱོགས་སུ་གྲོང་ཁྱེར་གྱི་ནང་ནས་ཐོན་ཅིང་ཆ་གཅིག་ནི་འདི་ཕྱོགས་ནས་ཆ་གཅིག་ནི་དེ་ཕྱོགས་ནས་འོངས་ཏེ། དེ་དག་ཨིས་ར་ཨེལ་གྱི་དཀྱིལ་དུ་འཁད་པས། དེ་དག་ལས་གཅིག་ཀྱང་ལུས་མ་བཅུག་འབྲོས་སུའང་མ་བཅུག་གོ། ༢༣ ཨ་ཨི་ཡི་རྒྱལ་པོ་ཡང་གསོན་པོར་བཟུང་ནས་ཡོ་ཤུ་ཨའི་དྲུང་དུ་ཁྲིད་དོ༎
༢༤ ཡང་ཨིས་ར་ཨེལ་གྱིས་ཨ་ཨི་པ་ཐམས་ཅད་ཞིང་དང་འབྲོག་སྟོང་ན་གང་དུ་དེ་དག་ལ་བདས་ས་དེར་བསད་ཚར་པ་དང་། གཅིག་ཀྱང་མ་ལུས་པ་ཙམ་དུ་ཐམས་ཅད་རལ་གྲིའི་ཁས་འགུམ་ཟིན་ནས། ཨིས་ར་ཨེལ་ཀུན་གྱིས་ཨ་ཨིའི་ཕྱོགས་སུ་སོང་ཞིང་དེར་ཡོད་པའི་མི་རྣམས་ཀྱང་རལ་གྲིའི་ཁས་བརྡུངས་སོ། ༢༥ ཡང་ཉིན་དེ་རང་དུ་བསད་པའི་ཨ་ཨི་པ་སྐྱེས་པ་དང་བུད་མེད་ཐམས་ཅད་ཀྱི་གྲངས་ནི་སྟོང་བཅུ་གཉིས་སོ། ༢༦ ཨ་ཨི་པ་ཐམས་ཅད་མེད་པར་མ་གྱུར་བའི་བར་དུ་ཡོ་ཤུ་ཨས་ལག་པར་ཐོགས་པའི་མདུང་བརྐྱངས་པ་དེ་ནི་ཕྱིར་མ་བླངས་སོ། ༢༧ ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་བཀའ་གནང་བ་བཞིན་དུ་ཨིས་ར་ཨེལ་གྱིས་གྲོང་ཁྱེར་དེའི་ཕྱུགས་དང་ནོར་འབའ་ཞིག་བཅོམ་ནོར་དུ་ཁྱེར་ཏོ། ༢༨ ཡང་ཡོ་ཤུ་ཨས་ཨ་ཨི་མེས་བསྲེགས་ནས་དེ་རིང་གི་ཉིན་མོའི་བར་དུ་འཇིགས་པའི་ཕུང་པོ་དུས་རྒྱུན་དུ་ལུས་པ་ཞིག་བྱས་སོ། ༢༩ ཡང་ཨ་ཨིའི་རྒྱལ་པོ་དགོངས་མོའི་བར་དུ་ཤིང་ལ་འཕྱར་བ་དང་། ཉི་མ་ནུབ་དུས་སུ་ཡོ་ཤུ་ཨས་བསྒོ་བ་བཞིན་དུ་དེ་དག་གིས་རོ་ཤིང་ལས་བཀྲོལ་ཞིང་གྲོང་ཁྱེར་གྱི་རྒྱ་སྒོའི་འགྲམ་དུ་བསྐྱུར་ནས། དེའི་སྟེང་དུ་བརྩིགས་པའི་རྡོ་ཕུང་ཆེན་པོ་ཞིག་དེ་རིང་གི་བར་དུ་ཡོད་དོ༎
༣༠ དེའི་ཚེ་ཡོ་ཤུ་ཨས་རི་ཨེ་བལ་དུ་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་མཆོད་ཁྲི་ཞིག་བརྩིགས་ཏེ། ༣༡ ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བསྒོ་བ་དང་བསྟུན་ཏེ། མོ་ཤེའི་བཀའ་ཁྲིམས་ཀྱི་མདོ་ན་གསུངས་པ་བཞིན་དུ་མཆོད་ཁྲི་དེ་ནི་མ་བཟོས་ཤིང་ལྕགས་གང་ཡང་མ་བཏབ་པའི་རྡོ་རྣམས་ཡིན་ཏེ། དེའི་ཁར་ཡ་ཧོ་ཝཱ་ལ་སྦྱིན་སྲེག་རྣམས་ཀྱང་མཆོད་པར་ཕུལ། བདེ་བའི་དམར་མཆོད་རྣམས་ཀྱང་ཕུལ་ལོ། ༣༢ མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མཐོང་ངོར་ཡི་གེར་བྲིས་ཡོད་པའི་བཀའ་ཁྲིམས་ཀྱི་དཔེ་བཞིན་དུ། ཡོ་ཤུ་ཨས་གནས་དེར་རྡོ་རྣམས་ཀྱི་ཁར་འདྲ་དཔེ་ཞིག་བརྐོས་སོ། ༣༣ ཡང་སྔར་ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་ཇི་ལྟར་དུ་བྱིན་རླབས་བྱེད་པར་དགོས་ཤེས་བསྟན་པ་བཞིན་དུ། ཨིས་ར་ཨེལ་ཐམས་ཅད་དང་རྒན་པོ་རྣམས་དང་འགོ་བྱེད་རྣམས་དང་ཁྲིམས་དཔོན་རྣམས་སྒྲོམ་གྱི་ཕྱོགས་གཉིས་སུ། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འཁྱེར་བའི་ལེ་ཝི་པ་བླ་མ་རྣམས་ཀྱི་ཐད་དུ་མི་ཡན་དང་གཞིས་སྐྱེས་མ་ལུས་པར་ཚོགས་ཀྱི་ཕྱེད་ཅིག་གེ་རི་ཟིམ་རིའི་ཕྱོགས་དང་། ཕྱེད་ཅིག་རི་ཨེ་བལ་གྱི་ཕྱོགས་སུ་བསྡད་དོ། ༣༤ དེའི་འོག་ཏུ་བཀའ་ཁྲིམས་ཀྱི་མདོ་ན་གསུངས་པ་ཁོ་ན་བཞིན་དུ་དེས་ནི་བཀའ་ཁྲིམས་ཀྱི་ཚིག་ཐམས་ཅད་བྱིན་རླབས་དང་དམོད་པ་རྣམས་བཀླགས་སོ། ༣༥ མོ་ཤེས་བསྒོ་བའི་གསུང་ཐམས་ཅད་ལས་ཚིག་གཅིག་ཀྱང་མ་ལུས་པར་ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་བུད་མེད་དང་བྱིས་པ་དང་དེ་དག་གི་ཁྲོད་དུ་འགྲོ་བའི་མི་ཡན་དང་བཅས་པ་རྣམས་ཀྱི་མདུན་དུ་བཀླགས་སོ༎