ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་ཡེ་རི་ཀོའི་རྒྱ་སྒོ་རྣམས་དམ་དུ་བཅད་དེ། སུ་ཡང་ནང་ནས་མ་ཐོན་ནང་དུ་ཡང་མ་ཞུགས་སོ།  དེའི་ཚེ་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ། ཀྱེ་ཧོ་ངས་ཡེ་རི་ཀོ་དང་དེའི་རྒྱལ་པོ་དང་དམག་མི་རྩལ་ཅན་རྣམས་དང་བཅས་པ་ཁྱོད་ཀྱི་ལག་ཏུ་གནང་བ་ཡིན།  ཁྱོད་ཀྱི་དམག་མི་ཐམས་ཅད་གྲོང་ཁྱེར་གྱི་མཐའ་བསྐོར་ཏེ་ལན་གཅིག་དེ་ལ་སྐོར་བར་དགོས། དེ་བཞིན་དུ་ཞག་དྲུག་གི་བར་དུ་བྱོས་ཤིག  ཡང་བླ་མ་བདུན་གྱིས་ལུག་ཐུག་གི་རྭ་དུང་བདུན་སྒྲོམ་གྱི་སྔོན་ལ་འཁྱེར་བར་དགོས། ཡང་ཞག་བདུན་པ་ལ་གྲོང་ཁྱེར་གྱི་མཐའ་འཁོར་ལན་བདུན་འཁོར་བར་བྱོས། བླ་མ་རྣམས་ཀྱིས་དུང་འབུད་པར་དགོས་སོ།  ཡང་དེ་དག་གིས་རྭ་དུང་བུས་ཏེ་ཁྱེད་ཀྱིས་དུང་གི་འུར་སྒྲ་ཐོས་པའི་ཚེ་མི་སྡེ་ཐམས་ཅད་ཀྱིས་ཀུ་སྒྲ་དྲག་པོ་ཞིག་བྱེད་པར་དགོས། དེ་ནས་གྲོང་ཁྱེར་གྱི་ལྕགས་རི་རྡིབ་འོང་། མི་སྡེ་ལས་རེ་རང་གི་ཐད་ཀ་ལས་ཤར་རེ་འཛེགས་ཤིག་ཅེས་བཀའ་གནང་ངོ་།  ཡང་ནུན་གྱི་བུ་ཡོ་ཤུ་ཨས་བླ་མ་རྣམས་བོས་ནས་དེ་དག་ལ། ཞལ་ཆད་ཀྱི་སྒྲོམ་ཁྱེར་དང་། བླ་མ་བདུན་གྱིས་རྭ་དུང་བདུན་ཡ་ཧོ་ཝཱའི་སྒྲོམ་གྱི་སྔོན་ལ་འཁྱེར་བར་དགོས་ཞེས་བསྒོའོ།  ཡང་དེ་དག་གིས་མི་སྡེ་ལ་ད་སོང་ལ་གྲོང་ཁྱེར་ལ་དམག་སྐོར་ཞིག་དང་། གོ་ཆ་གོན་པ་རྣམས་ཡ་ཧོ་ཝཱ་ཡི་སྒྲོམ་གྱི་སྔོན་དུ་འགྲོ་དགོས་ཤེས་སྨྲས་སོ༎
 ཡང་ཡོ་ཤུ་ཨས་མི་སྡེ་ལ་གཏམ་ཟེར་ཟིན་ནས། ཡ་ཧོ་ཝཱའི་དྲུང་དུ་རྭ་དུང་བདུན་འཁྱེར་བའི་བླ་མ་བདུན་སོང་ནས་དུང་བུས་པ་དང་། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་དག་གི་རྗེས་སུ་བྲངས་སོ།  ཡང་དུང་བུས་པའི་བླ་མ་རྣམས་ཀྱི་སྔོན་དུ་གོ་ཆ་གོན་པ་རྣམས་དང་། མི་ཚོགས་གཞན་མ་སྒྲོམ་གྱི་རྗེས་སུ་སོང་བ་དང་། དེ་དག་གིས་དུང་འབུད་ཀྱིན་སོང་ངོ་། ༡༠ ཡང་ཡོ་ཤུ་ཨས་མི་སྡེ་ལ། ངས་ཁྱོད་ཚོ་ལ་ཀུ་སྒྲ་ཐོང་ཞིག་ཅེས་མ་ཟེར་བའི་ཉིན་མོའི་བར་དུ་ཁྱོད་ཚོས་ཀུ་སྒྲ་མ་འདོན་ལ། ངག་བཅད་དེ་ཁྱོད་ཅག་གི་ཁ་ནས་ཚིག་གཅིག་ཀྱང་མ་འདོན། དེའི་རྗེས་སུ་ཁྱོད་ཚོས་ཀུ་སྒྲ་འདོན་པར་དགོས་སྨྲས་སོ། ༡༡ ཡང་ཡ་ཧོ་ཝཱའི་སྒྲོམ་གྱིས་གྲོང་ཁྱེར་གྱི་མཐའ་འཁོར་ལན་གཅིག་བསྐོར་ནས་དེ་དག་སྒར་དུ་ཕྱིར་སོང་སྟེ་མཚན་མོ་སྒར་ན་ཉལ་ལོ༎
༡༢ ཡང་ཡོ་ཤུ་ཨ་ཐོ་རངས་ལ་ལངས་ནས་བླ་མ་རྣམས་ཀྱིས་ཡ་ཧོ་ཝཱའི་སྒྲོམ་ཁྱེར་ཏོ། ༡༣ ཡང་ཡ་ཧོ་ཝཱའི་སྒྲོམ་གྱི་སྔོན་དུ་རྭ་དུང་བདུན་འཁྱེར་བའི་བླ་མ་བདུན་གྱིས་དུང་འབུད་ཀྱིན་ཆས་པ་དང་། གོ་ཆ་གོན་པ་རྣམས་དེ་དག་གི་སྔོན་དུ་སོང་ཡང་ཚོགས་གཞན་མ་ཡ་ཧོ་ཝཱའི་སྒྲོམ་གྱི་རྗེས་སུ་སོང་ཞིང་ཡང་དང་ཡང་དུ་དུང་བུས་སོ། ༡༤ ཞག་གཉིས་པ་ལ་ཡང་གྲོང་ཁྱེར་གྱི་མཐའ་འཁོར་ལན་གཅིག་བསྐོར་ནས་སྒར་དུ་ཕྱིར་ལོག་གོ། དེ་བཞིན་དུ་ཞག་དྲུག་གི་བར་དུ་བྱས་སོ༎
༡༥ ཞག་བདུན་པ་ལ་ནམ་ལངས་ཐོ་རངས་ཀྱི་དུས་སུ་དེ་དག་ཆས་ཏེ། དེ་ཀ་ལྟར་གྲོང་ཁྱེར་གྱི་མཐའ་འཁོར་ལན་བདུན་བསྐོར་ཏེ་ཉིན་དེ་འབའ་ཞིག་ཏུ་གྲོང་ཁྱེར་གྱི་མཐའ་འཁོར་ལན་བདུན་བསྐོར་ཏོ། ༡༦ ཡང་ལན་བདུན་པ་ལ་བླ་མ་རྣམས་ཀྱིས་དུང་བུས་པའི་ཚེ་ཡོ་ཤུ་ཨས་མི་སྡེ་ལ་ད་ཀུ་སྒྲ་ཐོང་དང་། ཡ་ཧོ་ཝཱས་གྲོང་ཁྱེར་ཁྱེད་ཅག་ལ་གནང་ངོ་། ༡༧ ཡང་གྲོང་ཁྱེར་དེའི་ནང་ན་ཡོད་པ་ཐམས་ཅད་དང་བཅས་སུ་ཡ་ཧོ་ཝཱའི་ཕྱིར་བསྔོ་བར་བྱོས་ཤིག སྨད་འཚོང་མ་ར་ཧབ་དང་ཁོ་མཉམ་ཁང་པར་ཡོད་པ་ཐམས་ཅད་དང་བཅས་པ་འབའ་ཞིག་གསོན་པོར་གནས་པར་དགོས། དེ་ཅིའི་ཕྱིར་ཞེ་ན། ངེད་ཀྱིས་བཏང་བའི་མི་རྐང་བཙུགས་རྣམས་མོས་སྦས་པའི་ཕྱིར་རོ། ༡༨ འོན་ཀྱང་ཁྱེད་རང་དམོད་པར་མི་འགྱུར་བ་དང་བསྔོས་པའི་དངོས་པོ་རྣམས་ལས་འཁྱེར་བའི་རྐྱེན་གྱིས་ཨིས་ར་ཨེལ་གྱི་སྒར་དམོད་པར་འགྱུར་དུ་འཇུག་ཅིང་དེ་ལ་གནོད་པ་བསྐྱེལ་གྱིས་དོགས་པས་བསྔོས་པའི་རྫས་ལ་ཟོན་བྱོས་ཤིག ༡༩ ཡང་དངུལ་དང་གསེར་དང་ར་གན་དང་ལྕགས་ཀྱི་སྣོད་གང་ཡང་རུང་བ་ཡ་ཧོ་ཝཱའི་ཕྱིར་དམ་པ་ཡིན་ཏེ་ཡ་ཧོ་ཝཱའི་དཀོར་མཛོད་དུ་འབྱུང་བར་དགོས་ཞེས་བཀའ་གནང་ངོ་། ༢༠ ཡང་མི་སྡེས་ཀུ་སྒྲ་བཏོན་ཏེ་དུང་བུས་སོ། ཡང་མི་སྡེས་དུང་གི་འུར་སྒྲ་ཐོས་མ་ཐག་ཏུ་ཀུ་སྒྲ་ཆེན་པོ་བཏོན་པ་དང་། ལྕགས་རི་རྡིབས་ནས་མི་སྡེ་ལས་རེ་རང་གི་ཐད་ཀ་ནས་འཛེགས་ཤིང་གྲོང་ཁྱེར་བཅོམ་མོ། ༢༡ ཡང་གྲོང་ཁྱེར་གྱི་ནང་ན་ཡོད་པའི་སྐྱེས་པ་དང་བུད་མེད་རྒན་བྱིས་གཉིས་དང་། གླང་དང་ལུག་དང་བོང་བུ་ཐམས་ཅད་རལ་གྲིའི་ཁས་ཡོངས་སུ་ཚར་བཅད་དོ༎
༢༢ ཡང་ཡུལ་ལ་ལྟ་ཉུལ་བྱས་པའི་མི་གཉིས་ལ་ཡོ་ཤུ་ཨས། བུད་མེད་སྨད་འཚོང་མའི་ཁང་པར་སོང་ལ་དེ་ལ་མནའ་བྱས་པ་བཞིན་དུ་བུད་མེད་དེ་དང་དེ་ལ་ཅི་ཡོད་ཐམས་ཅད་དེ་ནས་ཕྱི་རོལ་ཏུ་ཁྲིད་ཅིག ༢༣ ཡང་གཞོན་ནུ་ལྟ་ཉུལ་པ་གཉིས་སོང་ནས་ར་ཧབ་དང་དེའི་ཕ་མ་དང་མིང་པོ་རྣམས་དང་དེ་ལ་ཅི་ཡོད་ཐམས་ཅད་ཕྱི་རོལ་ཏུ་བཏོན་ཏེ། དེའི་ཉེ་འབྲེལ་ཀུན་ཀྱང་ཕྱི་རོལ་ཏུ་ཁྲིད་ནས་ཨིས་ར་ཨེལ་གྱི་སྒར་གྱི་ཕྱི་རོལ་དུ་བཞག་གོ། ༢༤ འོན་ཀྱང་གྲོང་ཁྱེར་དང་དེའི་ནང་ན་ཡོད་པ་ཐམས་ཅད་མེས་སྲེགས་ཤིང་། དངུལ་དང་གསེར་དང་ར་གན་དང་ལྕགས་ཀྱི་སྣོད་རྣམས་འབའ་ཞིག་ཡ་ཧོ་ཝཱའི་མཆོད་ཁང་གི་དཀོར་མཛོད་ཀྱི་ཕྱིར་ཕུལ་ལོ། ༢༥ ཡོ་ཤུ་ཨས་སྨད་འཚོང་མ་ར་ཧབ་དང་དེའི་ཕའི་ཁང་པ་དང་དེ་ལ་ཡོད་པ་ཐམས་ཅད་ཀྱི་སྲོག་སྐྱོབ་པར་བྱས་སོ། ཡང་དེ་ནི་དེ་རིང་གི་ཉིན་མོའི་བར་དུ་ཨིས་ར་ཨེལ་གྱི་ཁྲོད་དུ་གནས་སོ། ཅི་ལ་ཞེ་ན། དེས་ནི་ཡོ་ཤུ་ཨས་ཡེ་རི་ཀོར་ལྟ་ཉུལ་དུ་བཏང་པའི་མི་རྣམས་བཅབ་པའི་ཕྱིར་རོ༎
༢༦ དེའི་ཚེ་ཡོ་ཤུ་ཨས་མནའ་བཀལ་ཏེ་དེ་དག་ལ་འདི་སྐད་དུ། གྲོང་ཁྱེར་ཡེ་རི་ཀོ་འདི་རྩིག་པའི་ཕྱིར་ལང་པའི་མི་དེ་ནི། ཡ་ཧོ་ཝཱའི་སྤྱན་སྔར་མི་གླུད་ལ་གྱུར་ཅིང་། དེའི་བུ་སྔོན་སྐྱེས་ནི་རྩིག་རྨང་འདིང་དུས་དང་། དེའི་བུ་མཐའ་ཆུང་ནི་རྒྱ་སྒོ་འཛུག་དུས་སུ་སྟོར་བར་ཤོག་ཅིག་སྨྲས་སོ༎
༢༧ དེའང་ཡ་ཧོ་ཝཱ་ཡོ་ཤུ་ཨ་དང་འགྲོགས་པས། ཡུལ་དེ་ཐམས་ཅད་ནང་དེའི་གྲགས་པ་དར་ཏོ༎