ཡང་ཨ་མོར་པའི་རྒྱལ་པོ་ཡོར་དན་ཆུའི་ཕ་རོལ་ན་རྒྱ་མཚོའི་ཕྱོགས་སུ་གནས་པ་ཐམས་ཅད་དང་། ཀ་ན་ཨན་པའི་རྒྱལ་པོ་རྒྱ་མཚོའི་འགྲམ་ལ་གནས་པ་ཐམས་ཅད་ཀྱིས། ངེད་ཕ་རོལ་དུ་མ་ཕྱིན་བར་དུ་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མདུན་ལ་ཡོར་དན་ཆུའི་སྐེམས་པར་མཛད་པའི་གཏམ་ཐོས་པས། དེ་དག་འདར་ཞིང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་རྐྱེན་གྱིས་སེམས་མལ་དུ་མ་ལུས་སོ༎
 དེའི་ཚེ་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ། ཁྱོད་ཀྱི་ཕྱིར་རྡོ་གྲི་རྣམས་བྱོས་ལ་སླར་ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མདུན་ལྤགས་ཆོད་ཅིག་ཅེས་གསུངས་པས།  ཡོ་ཤུ་ཨས་རྡོ་གྲི་རྣམས་བྱས་ནས་རི་ཕྲན་ཨ་ར་ལོད་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་མདུན་ལྤགས་བཅད་དོ།  ཡང་ཡོ་ཤུ་ཨས་བཅད་པའི་དོན་ནི། མི་སེར་ཡུལ་ནས་ཐོན་པའི་མི་སྡེའི་སྐྱེས་པ་གང་ཡིན་པའི་དམག་མི་ཐམས་ཅད་མི་སེར་ཡུལ་ནས་ཐོན་པ་ནས་བཟུང་སྟེ་ལམ་ལ་འབྲོག་སྟོང་ན་ཤི་བ་ཡིན་ནོ།  ཐོན་འོངས་པའི་མི་སྡེ་ཐམས་ཅད་བཅད་པ་ཡིན་གྱི། མི་སེར་ཡུལ་ནས་ཐོན་པའི་རྗེས་ལ་ལམ་དུ་འབྲོག་སྟོང་ན་སྐྱེས་པའི་མི་སྡེ་ཐམས་ཅད་བཅད་པ་མ་ཡིན་ནོ།  ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་བཀའ་ལ་མ་ཉན་པའི་ཕྱིར་མི་སེར་ཡུལ་ནས་ཐོན་པའི་དམག་མིའི་ཚོགས་ཐམས་ཅད་ནུབ་པའི་བར་དུ་འབྲོག་སྟོང་ན་ལོ་བཞི་བཅུ་རྒྱུ་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེ་དག་ལ། ངས་ཁྱོད་ཅག་གི་མེས་པོ་རྣམས་ལ་ཁྱོད་ཚོ་ལ་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་དེ་གཏོང་བའི་མནའ་བླངས་ཀྱི། ཡུལ་དེ་ཁྱོད་ཚོས་མཐོང་བར་མི་འགྱུར་རོ་ཞེས་དབུ་མནའ་བཞེས་པའི་ཕྱིར་རོ།  འོན་ཀྱང་མི་དེ་དག་གི་ཚབ་ཏུ་འབྱུང་བར་མཛད་པའི་བུ་རྣམས་ཀྱི་མདུན་ལྤགས་ལམ་ན་མ་བཅད་པར་མདུན་ལྤགས་དང་ལྡན་པས། ཡོ་ཤུ་ཨས་བཅད་དོ༎
 ཡང་མི་བརྒྱུད་ཐམས་ཅད་བཅད་ཟིན་ནས། དེ་དག་གི་རྨ་མ་གསོས་པའི་བར་དུ་སྒར་ན་རང་གི་མལ་ན་བསྡད་དོ།  ཡང་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ་དེ་རིང་གི་ཉིན་པར་ང་མི་སེར་ཡུལ་གྱི་སྨད་པ་ཁྱོད་ཅག་ནས་བསལ་ལོ་ཞེས་གསུངས་པས། དེ་རིང་གི་ཉིན་མོའི་བར་དུ་གནས་འདིའི་མིང་གིལ་གལ་ཞེས་ཟེར་རོ༎
༡༠ དེའི་ཚེ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་གིལ་གལ་ན་སྒར་བཏབ་ཅིང་ཡེ་རི་ཀོའི་ཐང་ན་ཟླ་དེ་རང་གི་ཚེས་བཅུ་བཞི་པ་ལ་པེ་སག་བྱས་སོ། ༡༡ ཡང་པེ་སག་གི་ཕྱི་ཉིན་རང་དུ་ཡུལ་དེའི་འབྲུ་རྙིང་པ་ལས་སྐྱུར་རྩི་མེད་པའི་བག་ལེབ་དང་ཡོས་ཟོས་སོ། ༡༢ དེ་དག་གིས་ཡུལ་གྱི་འབྲུ་རྙིང་པ་ལས་ཟས་པའི་འོག་ཕྱི་ཉིན་མན་ནཱ་ཆད་དེ། དེ་ཕྱིན་ཆད་ཨིས་ར་ཨེལ་གྱི་བུ་རྣམས་ལ་མན་ནཱ་མེད་པས། ལོ་དེ་ལ་ཀ་ན་ཨན་ཡུལ་གྱི་ལོ་ཐོག་ལས་ཟོས་སོ༎
༡༣ ཡང་ཡོ་ཤུ་ཨས་ཡེ་རི་ཀོ་དང་ཉེ་བའི་ཚེ་མིག་བཏེགས་ནས་བལྟས་པ་ལས། ཀྱེ་ཧོ་ཕྱག་གིས་རལ་གྲི་སྤར་ཡོད་པའི་སྐྱེས་བུ་ཞིག་དེའི་ཐད་དུ་བཞུགས་ཡོད་པས། ཡོ་ཤུ་ཨ་དྲུང་དུ་སོང་སྟེ་ཁོང་ལ། ཁྱེད་ཀྱིས་ངེད་ཀྱི་ཕྱོགས་མཛད་དམ། ཡང་ན་ཕ་རོལ་པ་རྣམས་ཀྱི་ཕྱོགས་མཛད་ཅེས་ཞུས་པས། ༡༤ ཁོང་གིས་མིན། ད་ལྟ་ང་ནི་ཡ་ཧོ་ཝཱའི་དམག་དཔུང་གི་དཔོན་པོར་འོངས་སོ་ཞེས་གསུངས་སོ། ཡང་ཡོ་ཤུ་ཨས་ལུས་ས་ལ་བརྡབས་ཏེ་ཕྱག་བཙལ་ནས་ཁོང་ལ། གཙོ་བོས་བྲན་ལ་བཀའ་ཅི་གནང་ཞེས་ཞུས་པས། ༡༥ ཡ་ཧོ་ཝཱའི་དམག་དཔུང་གི་དཔོན་པོས་ཡོ་ཤུ་ཨ་ལ། ཁྱོད་གང་ན་ཡོད་ས་ནི་གནས་དམ་པ་ཞིག་ཡིན་པས། ཁྱོད་ཀྱི་རྐང་པ་ལས་ལྷམ་ཕུད་ཅིག་ཅེས་བཀའ་སྩལ་པས། ཡོ་ཤུ་ཨས་དེ་བཞིན་དུ་བྱས་སོ༎