༣༢
ཁྱེད་ནམ་མཁའ་རྣམས་ནི་ཉོན་ལ། ངས་གཏམ་སྨྲ་བར་བྱ། ས་ནི་ངའི་ཁ་ཡི་གླེང་མོ་དེ་ལ་ཉོན་ཞིག
 ཆར་པ་ལྟར་ངའི་བསྟན་པ་འབབ་ཡོང་། ངའི་གཏམ་ནི་ཟིལ་པ་ལྟར་འཛག ཆར་ཆུང་ལྟར་རྩྭ་འཇམ་ལ་དེ་འབབ་ཡོང་། དྲག་ཆར་ལྟར་དེ་སྔོ་ཚོད་ལ་འབབ་པར་འགྱུར།
 ཅེས་ཟེར་ཞིང་ངས་ཡ་ཧོ་ཝཱའི་མཚན་སྒྲོག་པར་བྱ། ངེད་ཀྱི་དཀོན་མཆོག་གི་མཚན་ལ་སྙན་གྲགས་ཕུལ་ཞིག
 ཁོང་ནི་བྲག་ལགས་དང་ཁོང་གི་ཕྲིན་ལས་རྫོགས། ཁོང་གི་གཤེགས་ལམ་ཐམས་ཅད་ཆོས་ཁྲིམས་བཞིན། དཀོན་མཆོག་གཏན་ལྡན་འགྱུར་མེད་ཉེས་དང་བྲལ་བ་ཞིག་ཐུགས་དྲང་དང་མི་ནོར་བ་ཞིག་གོ།
 དེ་དག་ཁོང་ལ་ངོ་ལོག་བྱས་ཏེ་ཁོང་གི་ཕྲུ་གུ་མིན། རང་གི་རང་གྲིབ་ཅན། ཁོ་རྣམས་གོ་ལྡོག་ཁྱོག་པོ་ཡིན་པའི་མི་བརྒྱུད་ཅིག
 ཁྱོད་ཚོས་ཡ་ཧོ་ཝཱའི་བཀའ་དྲིན་དེ་ལྟར་གཟོ། ཀྱེ་བློ་གྲོས་མེད་པའི་མི་ཚོ་གླེན་ཅན་ཁྱོད། ཁོང་ནི་ཁྱོད་ཉོས་མཁན་གྱི་ཡབ་མེད་དམ། ཁོང་ནི་ཁྱོད་བཀོད་ནས་བརྟན་པར་མ་བཙུགས་སམ།
 སྔོན་འདས་པའི་ཞག་རྣམས་དྲན་པར་བྱོས། སྔོན་རབས་མང་པོ་དེ་ལ་བསམ་བློ་ཐོང་། ཕ་ལ་དྲིས་ཤིག་དེས་ནི་ཁྱོད་ལ་བཤད་པར་བྱ། ཁྱོད་ཀྱི་རྒད་པོ་རྣམས་ལ་དྲིས་ཤིག་དེས་ཀྱང་ཁྱོད་ལ་ཟེར་བར་འགྱུར།
 དཀོན་མཆོག་གིས་མི་བརྒྱུད་རྣམས་ལ་རང་རང་གི་བགོ་སྐལ་གནང་དུས་སུ། མི་དེ་དག་གི་བུ་རྣམས་སོ་སོར་བཞག་པའི་ཚེ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་གྲངས་བཞིན་དུ།
 ཁོང་ནི་མི་ཚོའི་མཐའ་རྣམས་བཙུགས་པར་མཛད། ཡ་ཧོ་ཝཱའི་སྐལ་བ་ནི་ཁོང་རང་གི་མི་ཚོ་ཡིན། ཁོང་གི་ནོར་སྐལ་དེ་ནི་ཡ་ཀོབ་ལགས།
༡༠ ཁོང་གིས་འབྲོག་སྟོང་ཡུལ་ཞིག་ན་དེ་ཐོབ། ས་སྟོང་འུར་སྒྲ་འདོན་པའི་མྱ་ངམ་ན་བརྙེད་དོ། དེ་དང་ཐུག་ནས་སྐྱབས་དང་གསོ་སྐྱོང་མཛད། རང་གི་སྤྱན་འབྲས་ལྟར་ཁོ་སྲུང་བར་མཛད།
༡༡ ཇི་ལྟར་གོ་བོས་ཚང་ལ་རང་གི་ཕྲུ་གུ་སློང་། དེའི་སྟེང་དུ་ལྡིང་ཞིང་ཤོག་པ་རྒྱང་། ཕྲུ་གུ་བཟུང་ནས་ཤོག་པར་བསྐྱོན་ཏེ་འཁྱེར།
༡༢ ཡ་ཧོ་ཝཱ་གཅིག་པོས་ནི་དེ་འཁྲིད་མཛད། བདེན་མེད་དཀོན་མཆོག་དེ་དང་མི་འགྲོགས།
༡༣ ཁོང་ནི་དེ་ས་གཞིའི་མཐོ་སར་ཕྱིན་པར་མཛད། ཞིང་གི་འབྲས་བུ་རྣམས་དེས་ཟས་པ་དང་། བྲག་ལས་སྦྲང་རྩི་འཇིབས་པ་དང་། སྲ་བའི་བྲག་གི་ནང་ནས་འབྲུ་མར་གནང་ངོ་། གྲོ་ཡི་མཁལ་མའི་ཚིལ་དང་བཅས་པ།
༡༤ བ་ཡི་མར་ཁུ་ལུག་གི་འོ་མ་ལུག་གུའི་ཚིལ་དང་བཅས། བཱ་ཤན་བརྒྱུད་ཡིན་པའི་ལུག་ཐུག་ར་ཐུག་དང་། རྒུན་འབྲུམ་གྱི་ཁྲག་དེའི་རྒུན་ཆང་ཁྱོད་ཀྱིས་འཐུང་ངོ་༎
༡༥ འོན་ཀྱང་ཚོན་པོ་གྱུར་པའི་ཡེ་ཤུ་རུན་དེས་འཕྲས་རྒྱབ། ཁྱོད་ནི་ཚོན་ཞིང་སྦོམ་ལྡིར་ལྡེམ་པར་གྱུར། གཡེང་ཞིང་རང་གི་སྐྱབས་ཀྱི་བྲག་མ་བརྩིས་སོ༎
༡༦ དེ་དག་གིས་གཞན་ལྷ་རྣམས་བརྩིས་པས་ཁོང་གི་འགྲན་ཐུགས་བཞེངས། རྫས་མི་གཙང་བ་རྣམས་ཀྱིས་ཁོང་གི་ཐུགས་ཁྲོ་བྱུང་།
༡༧ དེ་དག་གིས་མ་ཤེས་པའི་ལྷ་དང་། ཁ་སང་བྱུང་བའི་ལྷ་གསར་པ་དང་། ཁྱོད་ཀྱི་ཕ་མེས་མ་འཇིགས་པའི་ལྷ་ཚོ་དང་། དཀོན་མཆོག་མེད་པའི་ལྷ་རྣམས་ལ་མཆོད་པ་ཕུལ་ལོ༎
༡༨ ཁྱོད་བསྐྱེད་པའི་བྲག་དེ་མ་དྲན་ནོ། ཁྱོད་བཀོད་པའི་དཀོན་མཆོག་དེ་བརྗེད།
༡༩ ཡ་ཧོ་ཝཱས་གཟིགས་ཏེ་ཐུགས་མ་མཉེས། ཁོང་གི་བུ་དང་བུ་མོ་རྣམས་ཁོང་ཐུགས་ཁྲོ་བའི་རྒྱུ་རུ་སོང་།
༢༠ ངས་ངའི་ངོ་དེ་དག་གི་མདུན་ནས་འགེབས་པར་བྱ། དེ་དག་གི་མཐའ་ནི་ཇི་ལྟར་འབྱུང་ཡོང་ལྟ་རྒྱུ་ཡིན། དེ་ཚོ་ཤིན་ཏུ་རང་རྒྱལ་བྱེད་པའི་རིགས་ཤིག་ཡིན་པའི་ཕྱིར། དད་པ་མེད་པའི་ཕྲུ་གུ་རྣམས་ཡིན་གསུངས།
༢༡ དཀོན་མཆོག་མ་ཡིན་པའི་ལྷ་ཚོས་ངའི་འགྲན་སེམས་བསླངས། གླེན་པའི་ལས་ཀས་དེ་ཚོས་ངའི་སེམས་ཁྲོ་བསླངས་པས། མི་བརྒྱུད་ཅིག་མ་ཡིན་ཞིག་གིས་ངས་ཀྱང་དེའི་འགྲན་སེམས་སླང་། གླེན་པའི་མི་བརྒྱུད་ཅིག་ནས་དེ་ཚོའི་ཁྲོ་བ་སླང་རྒྱུ་ཡིན།
༢༢ ངའི་ཁྲོ་བ་ལ་མེ་ཞིག་སྦར་སོང་། ཐམས་ཅད་ལས་གཏིང་བར་དུ་འབར་བས། ས་དང་དེའི་བསྐྱེད་དང་བཅས་པ་མིད། རི་རྣམས་ཀྱི་རྨང་བར་དུ་འབར་བར་བྱེད།
༢༣ ངས་དེ་ཚོའི་སྟེང་དུ་བཀྲ་མི་ཤིས་རྣམས་སྤུང་བར་བྱ། ངའི་མདའ་ཐམས་ཅད་ཁོ་རྣམས་ལ་རྒྱབ་ཅིང་འཚར་འཇུག་པར་བྱ།
༢༤ ལྟོགས་པས་དེ་དག་རིད་པར་བྱ། འཚིག་པའི་ཚ་བས་དེ་དག་མེད་པར་བྱ། དཀའ་བོའི་འཆི་བ་དང་། གཅན་གཟན་རྣམས་ཀྱི་སོ་དང་། ལྟོ་འགྲོའི་དུག་དེ་དག་ལ་གཏོང་བར་བྱའོ༎
༢༥ ཕྱི་རོལ་ཏུ་རལ་གྲིས་འཕྲལ་བ་དང་། ཁང་མིག་ལ་འཇིགས་སྐྲག་ནས་འཕྲལ་བར་བྱ། ངས་གཞོན་ནུ་དང་ན་ཆུང་མ་གཉིས་དང་། འོ་འཐུང་སྐྲ་དཀར་སྐྱེ་མཁན་དང་བཅས་པ་མེད་པར་བྱའོ༎
༢༦ ངས་དེ་དག་ཐག་རིང་དུ་གཏོར་བར་བྱ། ངས་དེ་དག་མི་ཡིས་རྗེད་ཅིང་མིས་དྲན་མི་ཡོང་ཞེས་སྨྲས།
༢༧ དགྲ་ཡིས་སེམས་ཁྲོ་རུ་འཇུག་སྲིད་པས། དེ་ལ་མ་འཇིགས་པ་ཡིན་ན། ཡ་ཧོ་ཝཱས་དེ་ཐམས་ཅད་མ་བསྒྲུབས། དེ་དག་ལ་རྒོལ་བ་རྣམས་ཀྱི་གོ་ལྡོག་བསམ་ཞིང་། ང་ཚོའི་ལག་ནི་སྟོབས་ཆེའོ་ཞེས་ཟེར་མི་ཐུབ་པའི་ཕྱིར་རོ༎
༢༨ དེ་དག་གྲོས་དང་བྲལ་བའི་མི་བརྒྱུད་ཅིག་ཡིན། ཁོ་རྣམས་ཀྱི་ནང་ན་བློ་གྲོས་མེད་དོ༎
༢༩ ཀྱེ་ཧོ་དེ་དག་ཤེས་རབ་ཅན་སོང་སྟེ་དེ་ཧ་གོ་ན་ལེགས། དེ་དག་རང་གི་མཐའ་མ་ལ་བསམ་བློ་གཏོང་ན་ལེགས།
༣༠ དེ་དག་གི་བྲག་གིས་ཁོ་རྣམས་མ་བཙོངས་པ་དང་དགྲའི་ལག་ཏུ་མ་གནང་བ་ཡིན་ན། ཇི་ལྟར་གཅིག་གིས་ནི་སྟོང་ཞིག་དེད། གཉིས་ཀྱིས་ནི་ཁྲི་ཚོ་འབྲོས་འཇུག་པར་འགྱུར་རོ༎
༣༡ ང་ཚོའི་བྲག་ནི་དེ་ཚོའི་བྲག་དང་མི་འདྲ་བའི་ཕྱིར་རོ། ངེད་ཀྱི་དགྲ་རང་ཚོའི་ཐག་གཅོད་པ་བཞིན་ནོ༎
༣༢ དེ་ཚོའི་རྒུན་ཤིང་སོ་དོམ་གྱི་རྒུན་ཤིང་། གོ་མོ་རཱ་ཡི་ཞིང་ཁ་ནས་བྱུང་། དེའི་རྒུན་འབྲུམ་མཁྲིག་པའི་རྒུན་འབྲུམ། དེའི་འབྲས་བུ་ནི་བསྐ་བ་ཡིན།
༣༣ དེའི་རྒུན་ཆང་འབྲུག་རྣམས་ཀྱི་དུག འབུ་རིང་གི་སྙིང་རྗེ་མེད་པའི་ཟས་ངན།
༣༤ དེ་ངའི་མཛོད་དུ་མ་བཞག་གམ། ངའི་གཏེར་ཚོ་དང་མཉམ་དུ་ཐེ་ཚེ་མ་བརྒྱབ་བམ།
༣༥ དེ་དག་གི་རྐང་པ་འབྲེད་པའི་དུས་སུ། ལན་ལེན་པ་དང་གླ་སྟེར་བ་དེ་ངའི་ཡིན། དེ་དག་གི་བཀྲ་མི་ཤིས་པའི་ཉིན་མོ་དེ་ཉེ། དེ་ཚོའི་སྟེང་དུ་འབབ་ཡོང་བའི་བྱ་བ་རྣམས་འགོར་བར་མི་བྱ།
༣༦ ཡ་ཧོ་ཝཱས་རང་གི་མི་ཚོ་ལ་ཞལ་ཆེ་གཅད་ཡོང་། དེ་དག་གི་དབང་མེད་པར་གཟིགས་ཚེ། རང་གི་གཡོག་པོ་ཚོའི་སྐོར་དུ་འགྱོད་སེམས་སྐྱེ་ཡོང་། བཙོན་དུ་ཡོད་དམ་ཡུལ་འཁོར་མཁན་གང་ཡང་མ་ལུས།
༣༧ ཡང་ཁོང་གིས། དེ་དག་གི་ལྷ་ཚོ་གང་དུ་ཡོད། དེ་དག་བློ་གདེང་བྱེད་པའི་བྲག་གི་གནས། གང་ཡིན་ཞེས་གསུང་ཡོང་།
༣༨ དེ་ཚོས་མཆོད་པ་རྣམས་ཀྱི་ཚིལ་མ་ཟོས་སམ། དེའི་སྐྱེམས་ཀྱི་རྒུན་ཆང་མ་འཐུངས་སམ། ཁོ་རྣམས་ལངས་ནས། ཁྱེད་ལ་སྐྱབས་བྱེད་དུ་ཆུག
༣༩ ད་ལྟོས་ཤིག ང་ནི་ང་རང་གཅིག་པོ་དེ་ཡོད། ང་མ་གཏོགས་པར་གཞན་དཀོན་མཆོག་ཅིག་མེད། ངས་ནི་གསོད་དང་ངས་ནི་གསོན་པོར་བྱེད། ངས་ནི་རྨ་བཟོ་དང་རྨ་གསོ་བར་བྱེད། ཡང་སུས་ཀྱང་ངའི་ལག་ནས་ཐར་བྱེད་པར་མི་ཐུབ།
༤༠ ངས་ནི་རང་གི་ལག་པ་ནམ་མཁར་འདེགས་ཏེ། ང་རྒྱུན་དུ་གསོན་ནོ་ཞེས་ཟེར།
༤༡ ངས་ནི་ངའི་གྲི་ཟིལ་ཅན་དེའི་ཁ་འདོན་དང་། ངའི་ལག་པས་ཞལ་ཆེ་འཛིན་ན། ངས་དགྲ་རྣམས་ལ་ལན་འཇལ་ཏེ། ང་ལ་ཞེ་སྡང་བྱེད་པ་རྣམས་གླ་གཏོང་བར་འགྱུར་རོ༎
༤༢ ངའི་དགྲ་ཚོ་འཁྲིད་པའི་དཔོན་པོ་རྣམས་ཀྱི་ཁྲག་དང་། བསད་པར་གྱུར་པ་དང་བཙོན་པ་རྣམས་ཀྱི་ཁྲག་གིས། ངས་ངའི་མདའ་རྣམས་ར་བཟི་བར་བྱ། ངའི་རལ་གྲིས་ཤ་ཟ་བར་འགྱུར་རོ༎
༤༣ ཀྱེ་ཧོ་ཕྱི་མིའི་བརྒྱུད་རྣམས་ཁོང་གི་མི། ཁོང་གི་མི་བརྒྱུད་དང་མཉམ་དུ་དགའ་མགུ་བར་གྱུར་ཅིག ཁོང་གིས་རང་གི་འབངས་རྣམས་ཀྱི་ཁྲག་གི་ལན་བཞེས་པ་དང་། ཁོང་རང་གི་དགྲ་ལ་དགྲ་ལན་འཇལ་བར་འགྱུར་བའི་ཕྱིར་རོ༎
༤༤ ཡང་མོ་ཤེ་ཡོངས་ནས་ཁོ་དང་ནུན་གྱི་བུ་ཧོ་ཤེ་ཨས་དབྱངས་དེའི་གསུང་ཐམས་ཅད་མི་ཚོའི་རྣ་བ་རུ་སྒྲོག་པར་བྱས་སོ༎
༤༥ ཡང་མོ་ཤེས་གསུང་དེ་ཐམས་ཅད་ཨིས་ར་ཨེལ་ཀུན་ལ་སྒྲོག་པར་རྫོགས་ནས་དེ་དག་ལ་འདི་སྐད་དུ། ༤༦ ངས་དེ་རིང་ཁྱེད་ལ་དཔང་པོ་བྱེད་པའི་བཀའ་ཐམས་ཅད་སྙིང་ལ་ཆོངས་ཤིག་དང་། ཁྱེད་ཀྱི་བུ་རྣམས་ལ་བཀའ་ཁྲིམས་འདིའི་གསུང་ཐམས་ཅད་སྒྲུབ་པར་ཟོན་གྱིས་ཤིག་ཅེས་ཟེར་བར་དགོས་སོ། ༤༧ གང་ལ་ཞེ་ན། བཀའ་དེ་ནི་དོན་མེད་པ་མ་ཡིན་ཏེ། ཁྱོད་ཀྱི་སྲོག་དེ་ཡིན་པས། དེའི་རྒྱུ་ནས་ཁྱོད་གང་གི་ཡུལ་བདག་ཏུ་འཛིན་པའི་ཕྱིར་ཡོར་དན་གྱི་ཕྱི་རོལ་དུ་འགྲོ་བ་དེར་ཚེ་རིང་ཡོང་བའི་ཕྱིར་རོ་ཞེས་སྨྲས་སོ༎
༤༨ ཡང་ཉིན་དེ་རང་ལ་ཡ་ཧོ་ཝཱས་མོ་ཤེ་ལ་འདི་སྐད་དུ། ༤༩ མོ་ཨབ་ཡུལ་ན་ཡེ་རི་ཀོའི་ཐད་དུ་ཡོད་པའི་རི་རྒྱུད་ཨ་བ་རིམ་གྱི་རི་ནེ་བོ་བྱ་བ་དེ་ལ་འཛེག་ནས། ངས་ཨིས་ར་ཨེལ་གྱི་བུ་རྣམས་ལ་ནོར་བདག་ཏུ་གཏོང་བའི་ཀ་ན་ཨན་ཡུལ་དེ་ལ་ལྟོས་དང་། ༥༠ ཇི་ལྟར་ཨ་ཇོ་ཨ་རོན་རི་ཧོར་དུ་ཤི་ནས་མེས་པོ་རྣམས་ཀྱི་དྲུང་དུ་འཛོམ་གྱུར་པ། དེ་ལྟར་ཁྱོད་གང་ལ་འཛེག་པའི་རི་ལ་ཤི་ནས་མེས་པོ་རྣམས་ཀྱི་དྲུང་དུ་འཛོམ་པར་གྱུར་ཅིག ༥༡ གང་ལ་ཞེ་ན། ཁྱོད་ཀྱིས་ཚིན་བྱ་བའི་འབྲུག་སྟོང་ན་མེ་རི་བཱ་་ཁ་དཱེས་བྱ་བའི་ཆུ་མིག་རྣམས་སུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ན་ངའི་བཀའ་ལས་འགལ་ཞིང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དཀྱིལ་ནང་དམ་པར་མ་བྱས་པའི་ཕྱིར་རོ། ༥༢ ཁྱོད་ཀྱི་མདུན་དུ་ཡུལ་དེ་མཐོང་བར་འགྱུར་གྱི། ངས་ཨིས་ར་ཨེལ་གྱི་བུ་རྣམས་ལ་སྟེར་བའི་ཡུལ་དེའི་ནང་དུ་ཁྱོད་འཇུག་པར་མི་འགྱུར་རོ་ཞེས་བཀའ་གནང་ངོ་༎