༣༡
ཡང་མོ་ཤེ་སོང་ནས་ཨིས་ར་ཨེལ་ཐམས་ཅད་ལ་གཏམ་འདི་རྣམས་བསྟན་ཞིང་དེ་དག་ལ་འདི་སྐད་དུ། ༢ ང་དེ་རིང་ལོ་བརྒྱ་དང་ཉི་ཤུ་ཙམ་དུ་ཕྱིན་ཏེ། ད་ང་ཕྱི་ནང་དུ་འགྲོ་བར་མི་ནུས། དེའང་ཡ་ཧོ་ཝཱས་ང་ལ། ཁྱོད་ཡོར་དན་འདིའི་ཕ་རོལ་དུ་འགྲོ་བར་མི་འགྱུར་ཞེས་བཀའ་གནང་ངོ་། ༣ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཁྱོད་ཀྱི་སྔོན་ལ་ཕ་རོལ་ཏུ་གཤེགས་ཤིང་། ཁྱོད་ཀྱི་སྔོན་ལ་མི་བརྒྱུད་དེ་དག་མེད་པར་མཛད་དེ། ཁྱོད་དེ་རྣམས་བདག་པར་འགྱུར་ཏེ། ཡ་ཧོ་ཝཱས་གསུངས་པ་བཞིན་དུ་ཡོ་ཤུ་ཨ་ཁྱོད་ཀྱི་སྔོན་ལ་ཕ་རོལ་དུ་འགྲོ་བར་འགྱུར་རོ། ༤ ཡང་ཡ་ཧོ་ཝཱས་ཨ་མོར་པ་རྣམས་ཀྱི་རྒྱལ་པོ་སི་ཧོན་བྱ་བ་དང་ཨོག་བྱ་བ་དང་ཁོ་རྣམས་ཀྱི་ཡུལ་མེད་པར་མཛད་པ་ལྟར་དེ་དག་ལ་ཡང་མཛད་པར་འགྱུར་རོ། ༥ ཡང་ཡ་ཧོ་ཝཱས་དེ་དག་ཁྱོད་ཀྱི་དབང་དུ་གནང་བའི་ཚེ་ངས་ཁྱོད་ལ་བསྒོ་བའི་བཀའ་ཐམས་ཅད་བཞིན་དུ་དེ་དག་ལ་བྱེད་པར་དགོས། ༦ རེམ་པར་གྱུར་ཏེ་སྤོབས་པ་སྐྱེད་ཅིག མ་འཇིགས་པར་དེ་དག་ལ་མ་འཚབས་ཤིག ཁྱོད་དང་འགྲོགས་ཏེ་གཤེགས་པ་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལགས་པས་ཁྱོད་སྐྱུར་བར་མི་བྱ་སྤོང་བར་ཡང་མི་མཛད། ཅེས་སྨྲས་སོ༎༧ ཡང་མོ་ཤེས་ཡོ་ཤུ་ཨ་ལ་བོས་ནས་ཨིས་ར་ཨེལ་ཐམས་ཅད་ཀྱི་མཐོང་ངོར་དེ་ལ། རེམ་ཞིང་སྙིང་སྟོབས་དང་ལྡན་པར་གྱུར་ཅིག གང་ལ་ཞེ་ན། ཡ་ཧོ་ཝཱས་མི་སྡེ་འདིའི་ཕ་མེས་ལ། ངས་དེ་དག་ལ་ཡུལ་དེ་གནང་བར་བྱ་ཞེས་དབུ་མནའ་བཞེས་ནས་ཁྱོད་དེ་དག་དང་མཉམ་དུ་ཡུལ་དེར་འགྲོ་ཞིང་། ཁྱོད་ཀྱིས་ཡུལ་དེ་འདི་དག་གི་ས་སྐལ་དུ་སྦྱིན་པར་འགྱུར། ༨ ཡང་ཁྱོད་ཀྱི་སྔོན་ལ་གཤེགས་པ་ནི་ཡ་ཧོ་ཝཱ་ལགས་པས། ཁོང་ཁྱོད་དང་འགྲོགས་ཏེ་ཁྱོད་སྐྱུར་བར་ཡང་མི་བྱ་སྤོང་བར་ཡང་མཛད་མི་འོང་བས། མ་འཇིགས་ལ་དངང་མ་སྐྲག་ཅིག་ཅེས་སྨྲས་སོ༎
༩ ཡང་མོ་ཤེས་བཀའ་ཁྲིམས་འདི་བྲིས་ནས། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འཁུར་བའི་བླ་མ་ལེ་ཝིའི་བུ་ཡིན་པའི་བླ་མ་རྣམས་དང་ཨིས་ར་ཨེལ་གྱི་རྒན་པོ་ཐམས་ཅད་ལ་གཏད་དོ། ༡༠ ཡང་མོ་ཤེས་དེ་དག་ལ་འདི་སྐད་དུ། ལོ་བདུན་བདུན་གྱི་མཐའ་མར་འབུད་གཏོང་བའི་ལོ་ཞེས་བྱ་བའི་དུས་སུ་སྤྱིལ་བུ་རྣམས་ཀྱི་དུས་ཆེན་བྱེད་དུ། ༡༡ ཨིས་ར་ཨེལ་ཐམས་ཅད་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་ཁོང་གིས་འདམ་པར་བྱ་བའི་གནས་སུ་འབྱུང་སྐབས་སུ་ཁྱོད་ཀྱིས་བཀའ་ཁྲིམས་འདི་ཨིས་ར་ཨེལ་ཐམས་ཅད་ཀྱི་རྣ་བའི་མདུན་དུ་ཀློག་པར་དགོས། ༡༢ སྐྱེས་པ་དང་བུད་མེད་དང་ཕྲུ་གུ་རྣམས་དང་ཁྱོད་ཀྱི་སྒོ་ཁང་ན་ཡོད་པའི་ཕྱི་མི་སྡུས་ཤིག ཅི་ལ་ཞེ་ན། དེ་དག་གིས་ཐོས་ཤིང་སློབ་པ་དང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་འཇིགས་པས་བཀའ་ཁྲིམས་འདིའི་གསུང་ཐམས་ཅད་སྲུང་ཞིང་སྒྲུབ་པ་དང་། ༡༣ དེ་དག་གི་ཕྲུ་གུ་ཅིའང་མི་ཤེས་པ་རྣམས་ཀྱིས་ཐོས་ནས། ཁྱོད་གང་གི་ཡུལ་བདག་ཏུ་འཛིན་པའི་ཕྱིར་ཡོར་དན་གྱི་ཕ་རོལ་དུ་འགྲོ་བ་དེར་ནམ་འཚོ་བའི་བར་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་འཇིགས་པ་སློབ་པའི་ཕྱིར་རོ་ཞེས་གསུངས་སོ༎
༡༤ ཡང་ཡ་ཧོ་ཝཱས་མོ་ཤེ་ལ། ཀྱེ་ཧོ་ཁྱོད་ཚེ་འདའ་བའི་དུས་དང་ཉེ་བར་སླེབ་པས། ཡོ་ཤུ་ཨ་བོས་ལ། ངས་དེ་ལ་ཁག་འགེལ་བའི་ཕྱིར་ཁྱོད་གཉིས་འདུན་མའི་གུར་ཆོག་ཏུ་ཤོག་ཅིག་ཅེས་བཀའ་གནང་བས། མོ་ཤེ་དང་ཡོ་ཤུ་ཨ་གཉིས་སོང་ནས་འདུན་མའི་གུར་མཆོག་ན་འོངས་སོ། ༡༥ ཡང་ཡ་ཧོ་ཝཱ་གུར་མཆོག་ནང་སྤྲིན་གྱི་ཀ་བ་ཞིག་གི་ངང་ན་མཐོང་བར་གྱུར་ཅིང་། སྤྲིན་གྱི་ཀ་བ་དེ་གུར་མཆོག་གི་སྒོའི་སྟེང་དུ་བཞུགས་སོ༎
༡༦ ཡང་ཡ་ཧོ་ཝཱས་མོ་ཤེ་ལ། ཀྱེ་ཧོ་ཁྱོད་ཕ་མེས་རྣམས་དང་མཉམ་དུ་གཉིད་ལོག་འོང་། མི་སྡེ་འདི་ནི་ལྡང་ཞིང་དེ་དག་གང་ཕྱི་པ་རྣམས་ཀྱི་ཁྲོད་དུ་གནས་པའི་ཕྱིར་འགྲོ་བའི་ཡུལ་དུ་ཕྱི་པ་དེ་དག་གི་ལྷ་རྣམས་ཀྱི་རྗེས་སུ་ལྡོག་ཅིང་ལོག་པར་གཡེམ་ཞིང་། ང་འབོར་ཞིང་ངས་དེ་དག་དང་བྱས་པའི་ཁ་ཆད་དང་འགལ་བར་འགྱུར་རོ། ༡༧ ཡང་ཞག་དེ་ན་ངའི་ཐུགས་ཁྲོ་འབར་ཏེ་ངས་དེ་དག་འབོར་ཞིང་ངའི་ཞལ་གདོང་དེ་དག་ལས་སྦ་བར་བྱ་བས། དེ་དག་མེད་པར་འགྱུར་ཅིང་སྡུག་བསྔལ་དང་ངན་པ་མང་པོ་དེ་དག་ལ་འབབ་ཡོང་། ཡང་དུས་དེ་རང་དུ་དེ་དག་གིས་ངེད་ཀྱི་དཀོན་མཆོག་ངེད་ཀྱི་དཀྱིལ་ན་མི་བཞུགས་པའི་ཕྱིར་སྡུག་བསྔལ་དེ་རྣམས་ངེད་ཀྱི་སྟེང་དུ་མ་བབས་སམ་ཞེས་ཟེར་བར་འགྱུར། ༡༨ ཡང་དེ་དག་གིས་ལས་ངན་ཐམས་ཅད་བྱེད་ཅིང་གཞན་ལྷ་རྣམས་ཀྱི་རྗེས་སུ་ལྡོག་པས། ཉིན་དེ་རང་དུ་ངའི་ཞལ་རས་གདོན་མི་ཟ་བར་སྦ་བར་བྱའོ། ༡༩ དེ་བས་ན་ད་གླུ་འདི་ཁྱོད་ཀྱི་དོན་དུ་བྲིས་ལ། གླུ་འདི་ཨིས་ར་ཨེལ་གྱི་བུ་རྣམས་ལ་བལྟས་ནས་ངའི་དཔང་པོར་འགྱུར་བའི་ཕྱིར། ཨིས་ར་ཨེལ་གྱི་བུ་རྣམས་སློབ་ཅིང་དེ་དག་གི་ཁའི་ནང་འཇུག་པར་བྱོས་ཤིག ༢༠ གང་ལ་ཞེ་ན། ངས་དེ་དག་གི་ཕ་མེས་རྣམས་ལ་དབུ་མནའ་བཞེས་པ་བཞིན་དུ་ངས་དེ་དག་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་དུ་ཁྲིད་ནས། དེ་དག་གིས་ཟོས་ཤིང་འགྲངས་ནས་རྒྱགས་པར་གྱུར་པ་དང་། དེ་དག་གཞན་ལྷ་རྣམས་ཀྱི་རྗེས་སུ་ལྡོག་ཅིང་དེ་དག་ལ་རིམ་གྲོ་བྱེད་དེ། ང་ལ་ངོ་ལོག་བྱེད་ཅིང་ངའི་ཞལ་ཆད་དང་འགལ་བར་འགྱུར། ༢༡ དེ་ནས་དེ་དག་ལ་རྐྱེན་ངན་དང་སྡུག་བསྔལ་མང་པོ་འབབ་པའི་དུས་སུ། དེའི་བུ་བརྒྱུད་ཀྱི་ཁ་ནས་རྗེད་པར་མི་འགྱུར་བའི་གླུ་འདིས་དཔང་པོ་དང་འདྲ་བར་དེ་དག་ལ་དཔང་པོ་བྱེད་ཡོང་། ཅི་ལ་ཞེ་ན། ངས་དབུ་མནའ་བཞེས་པའི་ཡུལ་དུ་དེ་དག་མ་ཁྲིད་པའི་སྔོན་དུ་དེ་དག་གིས་བསྐྱེད་པའི་བསམ་པ་ངས་ཤེས་པའི་ཕྱིར་རོ་ཞེས་གསུངས་སོ། ༢༢ དེ་ལྟར་མོ་ཤེས་དེ་རང་གི་ཉིན་ལ་གླུ་འདི་བྲིས་ཏེ་ཨིས་ར་ཨེལ་གྱི་བུ་རྣམས་ལ་བསླབས་སོ༎
༢༣ ཡང་ནུན་གྱི་བུ་ཡོ་ཤུ་ཨ་ལ་བཀའ་སྩལ་ཞིང་འདི་སྐད་དུ། རེམ་ཞིང་སྙིང་སྟོབས་སྐྱེད་ཅིག གང་ལ་ཞེ་ན། ངས་དེ་དག་ལ་དབུ་མནའ་བཞེས་པའི་ཡུལ་དེར་ཁྱོད་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་འཁྲིད་ཡོང་། ཡང་ང་ཁྱོད་དང་འགྲོགས་པར་འགྱུར་རོ་ཞེས་གསུངས་སོ༎
༢༤ ཡང་མོ་ཤེས་བཀའ་ཁྲིམས་འདིའི་བཀའ་རྣམས་གླེགས་བམ་ཞིག་ནང་བྲིས་ཟིན་ཏེ་བསྒྲུབས་ནས། ༢༥ མོ་ཤེས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འཁུར་བའི་ལེ་ཝི་པ་རྣམས་ལ། ༢༦ གླེགས་བམ་འདི་ཁྱེར་ལ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་གྱི་ལོགས་ཤིག་ཏུ་ཞོག་དང་། དེ་ནི་ཁྱོད་ཅག་ལ་བལྟས་ནས་དཔང་པོར་འགྱུར་བའི་ཕྱིར་རོ། ༢༧ དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་ཀྱིས་ངོ་ལོག་བྱེད་པ་དང་གཉའ་རེངས་ཤེས་སོ། ཀྱེ་ཧོ་ང་གསོན་པོར་དེ་རིང་ཁྱོད་དང་མཉམ་དུ་ཡོད་དུས་སུ་ཁྱོད་ཀྱིས་ཡ་ཧོ་ཝཱ་ལ་ངོ་ལོག་བྱས། ད་ང་འཆི་བའི་འོག་ཏུ་ཁྱེད་ཀྱིས་དེ་བས་ལྷག་པར་མི་བྱའམ། ༢༨ ཁྱེད་ཀྱི་སྡེ་རྣམས་ཀྱི་རྒན་པོ་དང་འགོ་བྱེད་ཐམས་ཅད་ངའི་མདུན་དུ་འདུས་ཤིག་དང་། ངས་དེ་དག་གི་རྣ་བར་གཏམ་འདི་རྣམས་འཆད་ཅིང་། དེ་དག་ལ་བལྟས་ནས་དཔང་པོར་ནམ་མཁའ་དང་ས་ལ་འབོད་པར་བྱའོ། ༢༩ ཅི་ལ་ཞེ་ན། ང་འཆི་བའི་འོག་ཏུ་ཁྱེད་རང་གིས་རང་ཡོངས་སུ་སླད་པར་བྱེད་དེ་ངས་ཁྱོད་ལ་བསྟན་པའི་ལམ་ལས་འཁྱོར་ཞིང་། ཡ་ཧོ་ཝཱའི་ཞལ་ངོར་ངན་པ་བྱེད་ཅིང་ཁྱེད་ཀྱི་ལག་པའི་ལས་ཀྱིས་ཁོང་གི་ཐུགས་ཁྲོ་དཀྲུགས་པས། མཐའ་མའི་དུས་སུ་རྐྱེན་ངན་པ་ཁྱེད་ལ་འབབ་པར་འགྱུར་བ་ངས་ཤེས་སོ་ཞེས་སྨྲས་སོ༎
༣༠ ཡང་མོ་ཤེས་ཨིས་ར་ཨེལ་གྱི་ཆོས་ཚོགས་ཐམས་ཅད་ཀྱི་རྣ་བར་གླུ་འདིའི་བཀའ་རྣམས་རྫོགས་པའི་བར་དུ་འདི་སྐད་ཅེས་གསུངས་པ་བཤད་དོ༎