༣༠
ཡང་བྱ་བ་དེ་ཐམས་ཅད་ངས་ཁྱེད་ཀྱི་མདུན་དུ་བཞག་པའི་བྱིན་རླབས་དང་དམོད་པ་ཁྱོད་ལ་འབབ་པ་དང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་གང་མི་བརྒྱུད་ཐམས་ཅད་ཀྱི་ཁྲོད་དུ་བསྐྲད་པ་དེ་རུ་དྲན་ཞིང་།  ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ཀྱིས་སྙིང་ཚང་མ་ནས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱོགས་སུ་ཕྱིར་ལོག་སྟེ། ངས་དེ་རིང་ཁྱོད་ལ་སྐུལ་བ་ཐམས་ཅད་བཞིན་དུ་ཁོང་གི་བཀའ་ལ་ཉན་ན།  ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་བཙོན་གྱི་ཚུལ་དེ་མེད་པར་མཛད་དེ། ཁྱོད་ལ་ཐུགས་བརྩེ་བར་དགོངས་ནས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་གང་མི་བརྒྱུད་ཐམས་ཅད་ཀྱི་ཁྲོད་དུ་ཁྱོད་གཏོར་བ་དེ་ནས་ཕྱིར་ལོག་འཁྲིད་ཅིང་སྡུད་པར་འགྱུར་རོ།  ཁྱོད་ལས་སུ་ཞིག་ས་གཞིའི་མཐའ་མ་ལ་འཁྱར་ཡོད་ནའང་། དེ་ནས་ཀྱང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་བསྡུས་ནས་ཕྱིར་འཁྲིད་པར་འགྱུར།  ཡང་ཁྱོད་ཀྱི་ཕ་མེས་ཀྱིས་བདག་ཏུ་བཟུང་བའི་ཡུལ་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཕྱིར་ཁྲིད་ནས་ཁྱོད་ཀྱིས་བདག་པར་འགྱུར། ཁོང་གིས་ཁྱོད་ལ་བཀའ་དྲིན་མཛད་དེ། ཁྱོད་ཀྱི་ཕ་མེས་ལས་ཀྱང་ཁྱོད་རྒྱས་པར་མཛད་པར་འགྱུར་རོ།  ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་སྙིང་ཚང་མ་དང་སེམས་ཚང་མ་ནས་གཅེས་པར་འཛིན་ཞིང་འཚོ་བར་འགྱུར་བའི་དོན་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་སྙིང་དང་ཁྱོད་ཀྱི་བུ་བརྒྱུད་ཀྱི་སྙིང་གི་མདུན་ལྤགས་གཅོད་པར་འགྱུར།  ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དམོད་པ་དེ་ཐམས་ཅད་ཁྱོད་ཀྱི་ཕ་རོལ་པ་རྣམས་དང་ཁྱོད་ལ་སྡང་ཞིང་འཚེ་བ་རྣམས་ལ་འབེབས་པར་འགྱུར།  ཡང་ཁྱོད་ཕྱིར་ལོག་སྟེ་ཡ་ཧོ་ཝཱའི་གསུང་ལ་ཉན་ཞིང་ཁོང་གི་བཀའ་ངས་དེ་རིང་ཁྱོད་ལ་སྒོ་བ་ཐམས་ཅད་སྒྲུབ་པར་འགྱུར་རོ།  ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ལག་པའི་ལས་ཀུན་དང་། ཁྱོད་ཀྱི་ལུས་ཀྱི་འབྲས་བུ་དང་། ཕྱུགས་ཀྱི་འབྲས་བུ་དང་། ཞིང་གི་འབྲས་བུ་ཁྱོད་ཀྱི་དོན་དུ་འཕེལ་བར་མཛད་པར་འགྱུར་རོ། གང་ལ་ཞེ་ན། ཡ་ཧོ་ཝཱས་ཕ་མེས་ལ་ཐུགས་དགྱེས་པ་དང་འདྲ་བར། ཁྱོད་ལ་བཀའ་དྲིན་མཛད་པའི་དོན་དུ་སླར་ཐུགས་དགྱེས་པར་འགྱུར། ༡༠ ཁྱོད་ཀྱིས་གལ་ཏེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཉན་ཏེ་བཀའ་ཁྲིམས་ཀྱི་གླེགས་བམ་ནང་བྲིས་པའི་བཀའ་དང་སྤྱད་མཚམས་རྣམས་སྲུང་བ་དང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱོགས་སུ་སྙིང་ཚང་མ་དང་སེམས་ཚང་མ་ནས་ཕྱིར་ལོག་ན། དེ་བཞིན་དུ་འབྱུང་བར་འགྱུར་རོ༎
༡༡ དེའང་ངས་དེ་རིང་ཁྱོད་ལ་སྐུལ་བའི་བཀའ་དེ་ཁྱོད་ཀྱི་བསམ་གྱིས་མི་ཁྱབ་པ་ཡང་མེད། ཐག་རིང་ཡང་མེད། ༡༢ ནམ་མཁའ་རུ་ཡང་མེད་དོ། དེའི་ཕྱིར་ཁྱོད་ཀྱིས་འདི་སྐད་དུ། ངེད་ཀྱིས་བཀའ་དེ་ཐོས་ནས་དེ་བཞིན་དུ་བྱེད་པའི་ཕྱིར་ནམ་མཁའ་རུ་སུ་འགྲོ་ཞིང་ངེད་ལ་འཁྱེར་འོང་ཟེར་བར་མི་དགོས། ༡༣ རྒྱ་མཚོའི་ཕ་རོལ་དུ་ཡང་མེད་དོ། དེའི་ཕྱིར་ཁྱོད་ཀྱིས་འདི་སྐད་དུ། ངེད་ཀྱིས་བཀའ་དེ་ཐོས་ནས་དེ་བཞིན་དུ་བྱེད་པའི་ཕྱིར་རྒྱ་མཚོའི་ཕ་རོལ་དུ་སུ་འགྲོ་ཞིང་ངེད་ལ་འཁྱེར་འོང་ཞེས་ཟེར་བར་མི་དགོས་ཏེ། ༡༤ བཀའ་ནི་ཁྱོད་དང་ཤིན་ཏུ་ཉེ་སྟེ་ཁྱོད་ཀྱི་ཁ་དང་སྙིང་གི་ནང་ན་བཞུགས་པས། དེ་བཞིན་དུ་བྱེད་པར་རུང་ངོ་༎
༡༥ ཀྱེ་ཧོ་ངས་དེ་རིང་ཁྱོད་ཀྱི་མདུན་དུ་གསོན་པ་ཉིད་དང་བཟང་བ་ཉིད་དང་། འཆི་བ་རྐྱེན་ངན་འཇོག་སྟེ། ༡༦ དེ་རིང་ཁྱོད་གསོན་ཞིང་འཕེལ་བ་དང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱིས་བདག་ཏུ་འཛིན་དུ་འགྲོ་བའི་ཡུལ་དེར་ཁྱོད་ལ་བྱིན་རླབས་མཛད་པའི་ཕྱིར་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་གཅེས་པར་འཛིན་ཞིང་ཁོང་གི་གཤེགས་ལམ་རྣམས་ནང་འགྲུལ་ཞིང་། ཁོང་གི་བཀའ་དང་སྤྱད་མཚམས་དང་ཁྲིམས་རྣམས་སྲུང་ཞིག་ཅེས་ངས་སྒོའོ། ༡༧ འོན་ཀྱང་སྙིང་གིས་ངོ་ལོག་བྱེད་ཅིང་བཀའ་ལ་མ་ཉན་པར་གོལ་བར་གྱུར་ཏེ། གཞན་ལྷ་རྣམས་ལ་བསྙེན་བཀུར་དང་རིམ་གྲོ་བྱེད་ན། ༡༨ ངས་དེ་རིང་ཁྱོད་ལ་ཁྱོད་བདེན་པར་ནུབ་ཅིང་། གང་གི་ཡུལ་བདག་ཏུ་འཛིན་པའི་ཕྱིར་ཡོར་དན་གྱི་ཕ་རོལ་དུ་འགྲོ་བ་དེར་ཚེ་རིང་བར་མི་འགྱུར་རོ་ཞེས་སྒྲོག་གོ། ༡༩ ངས་དེ་རིང་གི་ཞག་ལ་ཁྱེད་ཀྱི་ཕྱིར་ནམ་མཁའ་དང་ས་དཔང་དུ་འཛུགས་ཏེ་ངས་ཁྱེད་ཀྱི་མདུན་དུ་གསོན་པ་དང་འཆི་བ། བྱིན་རླབས་དང་དམོད་པ་འཇོག་གོ། དེ་བས་ན་ཁྱོད་རང་བུ་བརྒྱུད་དང་བཅས་པ་ཚེ་འཚོ་བའི་ཕྱིར་གསོན་པ་འདོམ་ཞིག ༢༠ ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་གཅེས་པར་འཛིན་ཞིང་ཁོང་གི་བཀའ་ལ་ཉན་ཏེ། ཁོང་ལ་རྟེན་པར་དགོས། གང་ལ་ཞེ་ན། ཁོང་ནི་ཁྱོད་ཀྱི་སྲོག་དང་ཚེ་རིང་བ་ཡིན་ཏེ། ཡ་ཧོ་ཝཱས་ཁྱོད་ཀྱི་ཕ་མེས་ཨབ་ར་ཧམ་དང་ཨི་སཱག་དང་ཡ་ཀོབ་ལ་ངས་ཡུལ་དེ་ཁྱོད་ལ་གནང་འོང་ཞེས་དབུ་མནའ་བཞེས་ནས་ཁྱོད་ཡུལ་དེ་ན་གནས་པའི་ཕྱིར་རོ་ཞེས་བསྐུལ་ཏོ༎