༢༩
རི་ཧོ་རེབ་ཏུ་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་དང་མཛད་པའི་ཞལ་ཆད་ལ་མི་གཏོགས་ཤིང་། མོ་ཨབ་ཡུལ་ན་ཁོང་གིས་མོ་ཤེ་ལ་ངའི་ཕྱིར་དེ་དག་དང་ཁ་ཆད་བྱོས་ཤིག་ཅེས་གསུངས་ནས་ཞལ་ཆད་དེའི་བཀའ་རྣམས་ཀྱི་དོན་འདི་ལྟར་རོ༎
 ཡང་མོ་ཤེས་ཨིས་ར་ཨེལ་ཐམས་ཅད་ལ་སྐད་བཏང་ནས་དེ་དག་ལ་གསུངས་པ། ཡ་ཧོ་ཝཱས་ཁྱེད་ཀྱི་མཐོང་ངོར་མི་སེར་ཡུལ་ན་ཕར་ཨོ་དང་དེའི་གཡོག་པོ་ཐམས་ཅད་དང་དེའི་ཡུལ་ཀུན་ལ་ཅི་དང་ཅི་མཛད་པ་དང་།  ཁྱོད་ཀྱི་མིག་གིས་མཐོང་བའི་ཉམས་ཚོད་བཞེས་པའི་ཐབས་ཆེ་བ་དང་ལྟས་དང་ཕྲིན་ལས་ངོ་མཚར་ཆེ་བ་རྣམས་མཐོང་ཡང་།  དེ་རིང་གི་བར་དུ་ཡང་ཡ་ཧོ་ཝཱས་ཁྱེད་ལ་རྟོགས་པའི་སྙིང་དང་མཐོང་བའི་མིག་དང་ཐོས་པའི་རྣ་བ་མ་གནང་ངོ་།  ཡང་ངས་ཁྱོད་རྣམས་ལོ་བཞི་བཅུའི་བར་དུ་འབྲོག་སྟོང་གི་ནང་ན་ཁྲིད་པའི་དུས་སུ་ཁྱེད་ཀྱིས་གོན་པའི་གོས་རྣམས་རྙིང་པར་མ་གྱུར། ཁྱེད་ཀྱི་རྐང་པ་ལ་གོན་པའི་ལྷམ་རྙིང་པར་མ་སོང་།  བག་ལེབ་ཁྱེད་ཀྱིས་མ་ཟོས། རྒུན་ཆང་ངམ་ཆང་རིགས་ཁྱེད་ཀྱིས་མ་འཐུངས་སོ། ཁྱེད་ཀྱིས་ང་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཡིན་པར་རྟོགས་པའི་ཕྱིར་རོ།  ཡང་ངེད་གནས་འདིར་འོངས་པའི་ཚེ་ཧེས་བོན་གྱི་རྒྱལ་པོ་སི་ཧོན་དང་། བཱ་ཤན་གྱི་རྒྱལ་པོ་ཨོག་བྱ་བས་ངེད་ལ་དམག་འདྲེན་དུ་ཚུར་འོངས་ནས། ངེད་ཀྱིས་དེ་དག་བཅོམ་པས།  དེ་དག་གི་ཡུལ་བླངས་ཏེ་རུ་བེན་པ་དང་། གད་པ་དང་། མ་ན་ཤེའི་སྡེ་ཕྱེད་ལ་ནོར་སྐལ་དུ་བཏང་བ་ཡིན།  དེ་བས་ན་ཁྱོད་རྣམས་ཀྱིས་བྱེད་པའི་ལས་ཐམས་ཅད་ཀྱི་ནང་ན་བདེ་བར་འགྱུར་བའི་ཕྱིར་ཞལ་ཆད་འདིའི་བཀའ་རྣམས་སྲུང་ལ་དེ་བཞིན་དུ་གྱིས་ཤིག
༡༠ ཁྱོད་ཐམས་ཅད་ཞེ་ན། ཁྱོད་ཀྱི་སྡེ་དཔོན་རྣམས་དང་རྒན་པོ་རྣམས་དང་འགོ་བྱེད་རྣམས་ཨིས་ར་ཨེལ་པ་ཐམས་ཅད་དང་། ༡༡ ཁྱོད་ཀྱི་ཕྲུ་གུ་རྣམས་དང་ཆུང་མ་རྣམས་དང་སྒར་ན་ཡོད་པའི་ཕྱི་མི་ཤིང་གཞོག་མཁན་ནས་ཆུ་ལེན་མཁན་གྱི་བར་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་སྔར་དེ་རིང་འགྲེང་བའི་དོན་ནི། ༡༢ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་དང་མཛད་པའི་ཞལ་ཆད་ནང་འཇུག་ཅིང་། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་ཕྱིར་མཛད་པའི་དམ་བཅའ་དེ་ཁྱེད་ཀྱིས་འཛིན་པར་དགོས་སོ། ༡༣ གང་ལ་ཞེ་ན། ཁྱེད་དེ་རིང་ཁོང་ཉིད་ལ་བདོག་པའི་མི་སྡེ་མཛད་དེ། ཁྱོད་ལ་གསུངས་པ་དང་། ཁྱོད་ཀྱི་ཕ་མེས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ལ་དབུ་མནའ་བཞེས་པ་བཞིན་དུ་ཁྱོད་ཀྱི་དཀོན་མཆོག་འགྱུར་བའི་ཕྱིར་རོ། ༡༤ འོན་ཀྱང་ངས་ཞལ་ཆད་དང་དམ་བཅའ་འདི་ཁྱོད་འབའ་ཞིག་དང་མི་བྱེད་པར། ༡༥ དེ་རིང་ངེད་དང་མཉམ་དུ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་སྤྱན་སྔར་འགྲེང་བའི་མི་དང་། དེ་རིང་ངེད་དང་ལྷན་ཅིག་ཏུ་འདིར་མེད་པའི་མི་རྣམས་དང་ཡང་བྱེད་དོ༎
༡༦ ངེད་མི་སེར་ཡུལ་ན་གནས་པ་དང་། ཁྱེད་གང་མི་བརྒྱུད་ཀྱི་ནང་ནས་ཇི་ལྟར་ཐོན་པའི་མི་བརྒྱུད་རྣམས་ཀྱི་ནང་ནས་ང་ཅག་ཐོན་པ་ཁྱོད་ཚོ་ལ་རྒྱུས་ཡོད། ༡༧ དེ་དག་གི་ཞེན་ལོག་དང་ཤིང་དང་རྡོ་དང་དངུལ་དང་གསེར་གྱི་སྐུ་འདྲ་རྣམས་དེ་དག་གི་རྩར་ཡོད་པ་མཐོང་བ་ཡིན། ༡༨ ཁྱོད་ཀྱི་ནང་ནས་སྐྱེས་པའམ་བུད་མེད་དང་ནང་ཚང་ངམ་སྡེ་ཞིག་གི་སྙིང་གིས་དེ་རིང་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ལ་ངོ་ལོག་བྱེད་ཅིང་། མི་བརྒྱུད་འདི་དག་གི་ལྷ་རྣམས་ལ་རིམ་གྲོ་བྱེད་དུ་འགྲོ་བ་ལས་སྲུངས་ཤིག ཁྱོད་ཀྱི་ནང་ན་རྩ་བ་དུག་དང་ཁན་པ་སྐྱེད་པ་ཞིག་འབྱུང་བ་ལས་སྲུངས་ཤིག ༡༩ དཔེར་ན་མི་ཞིག་གིས་དམོད་པ་འདིའི་ཚིག་རྣམས་ཐོས་ནས་རང་གིས་རང་གི་སྙིང་དུ་རང་ལ་བྱིན་རླབས་བྱེད་དེ་འདི་སྙམ་དུ། ངའི་སེམས་གྱོང་པོའི་ནང་འགྲུལ་ཡང་བདེ་བར་གནས་ཤིང་། སྐམ་པོ་དང་མཉམ་དུ་རློན་པ་མེད་པ་བྱེད་ནའང་ང་བདེ་བར་འགྱུར་ཞེས་བསམ་ན། ༢༠ ཡ་ཧོ་ཝཱས་ཐུགས་བཟོད་མི་མཛད་དེ། ཡ་ཧོ་ཝཱའི་ཐུགས་ཁྲོ་དང་ཐུགས་འཁྲེན་གྱི་དུ་བ་མི་དེའི་ཕྱིར་འཐུལ་ཞིང་། གླེགས་བམ་འདིར་བྲིས་པའི་དམོད་པ་ཐམས་ཅད་དེའི་སྟེང་དུ་འབབ་ཅིང་། ཡ་ཧོ་ཝཱས་དེའི་མིང་ནམ་མཁའི་འོག་ནས་མེད་པར་མཛད་པར་འགྱུར་རོ། ༢༡ ཡང་ན་ཞལ་ཆད་ཀྱི་དམོད་པ་བཀའ་ཁྲིམས་ཀྱི་གླེགས་བམ་འདིར་བྲིས་པ་ཐམས་ཅད་བཞིན་དུ་ཡ་ཧོ་ཝཱས་མི་དེ་མེད་པར་མཛད་པའི་ཕྱིར་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ནས་དེ་རང་སོ་སོར་འབྱེད་པར་མཛད་པར་འགྱུར་རོ། ༢༢ ཡང་འོང་བར་བྱ་བའི་རབས་ཟེར་ན། ཁྱེད་ཀྱི་ཕྲུ་གུ་ཁྱེད་ཀྱི་རྗེས་སུ་འབྱུང་བ་རྣམས་དང་། ཡུལ་ཐག་རིང་ནས་སླེབ་ཡོང་བའི་ཕྱི་མིས་ཡུལ་དེའི་སྡུག་བསྔལ་དང་ཡ་ཧོ་ཝཱས་རིམས་རྣམས་ཕབ་པ་དང་། ༢༣ ཡ་ཧོ་ཝཱའི་ཐུགས་ཁྲོ་དང་ཁྲོ་གཏུམ་ནང་། སོ་དོམ་དང་གོ་མོ་རཱ་དང་ཨད་མཱ་དང་ཚེ་བོ་ཨིམ་རྩ་རྩེ་བཟློགས་བར་མཛད་པ་དང་འདྲ་བར། དེའི་ཡུལ་ཚང་མ་ནི་མུ་ཟི་དང་ཚྭ་ལ་གྱུར་ཏེ་ཚིག་ནས། ས་བོན་འདེབས་པར་མི་བྱེད། རྩ་སྔོ་ཚོད་རྡོལ་བའམ་སྐྱེ་མི་ཡོང་བ་དེ་མཐོང་བའི་ཚེ་དེ་དག་དང་། ༢༤ མི་བརྒྱུད་ཐམས་ཅད་ཀྱིས་འདི་སྐད་དུ། ཡ་ཧོ་ཝཱས་ཡུལ་འདི་ལ་ཅིའི་ཕྱིར་དེ་ལྟར་མཛད། ཁོང་གི་ཐུགས་ཁྲོ་གཏུམ་ཆེན་པོའི་མེའི་དོན་ཅི་ཡིན་ཅེས་འདྲི་བས། ༢༥ མི་རྣམས་ཀྱིས་ལན་དུ། ཡ་ཧོ་ཝཱ་དེ་དག་གི་ཕ་མེས་ཀྱི་དཀོན་མཆོག་གིས་དེ་དག་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཁྲིད་པའི་ཚེ་དེ་དག་དང་མཛད་པའི་ཞལ་ཆད་དེ་ལས་དེ་དག་འགལ་བ་དང་། ༢༦ གཞན་ལྷ་རྣམས་ལ་རིམ་གྲོ་བྱེད་དུ་སོང་ཞིང་དེ་དག་གིས་མ་ཤེས་ཏེ་མ་གནང་བའི་གཞན་ལྷ་རྣམས་ལ་ཕྱག་ཕུལ་བའི་ཕྱིར། ༢༧ ཡ་ཧོ་ཝཱའི་ཐུགས་ཁྲོ་བ་ཡུལ་དེའི་ཕྱོགས་སུ་འབར་བས། གླེགས་བམ་འདི་ན་བྲིས་པའི་དམོད་པ་ཐམས་ཅད་དེ་ལ་ཕབ་བོ། ༢༨ ཡང་དེ་རིང་གི་ཉིན་མོ་དང་འདྲ་བར་ཡ་ཧོ་ཝཱའི་ཐུགས་ཁྲོ་དང་ཁྲོ་གཏུམ་ནང་མཛད་དེ་ཤིན་ཏུ་ཐུགས་ཁྲོ་ནང་དེ་དག་གི་ཡུལ་ནས། རྩད་ནས་བཅད་དེ་ཡུལ་གཞན་ཞིག་ཏུ་བསྐྱུར་བར་མཛད་དོ་ཞེས་སྨྲ་བར་འགྱུར་རོ༎
༢༩ གསང་བ་རྣམས་ནི་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་ཕྱག་ཏུ་ཡོད། མངོན་པར་གྱུར་པ་ནི་ངེད་བུ་རྣམས་དང་བཅས་པའི་ལག་པར་རྟག་ཏུ་ཡོད་པས་ངེད་ཀྱིས་བཀའ་ཁྲིམས་འདིའི་ཚིག་ཐམས་ཅད་བཞིན་དུ་བྱེད་པར་དགོས་སོ༎