༢༨
ཡང་གལ་ཏེ་ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཡིད་གཞུང་ཞིང་ཉན་ཏེ། ཁོང་གི་བཀའ་ངས་དེ་རིང་ཁྱོད་ལ་སྐུལ་བ་ཐམས་ཅད་སྲུང་ཞིང་བྱེད་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ས་གཞི་ལ་ཡོད་པའི་མི་བརྒྱུད་ཐམས་ཅད་ལས་ཁྱོད་མཐོ་སར་འཇོག་སྟེ། ༢ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཉན་པས་བྱིན་རླབས་འདི་ཐམས་ཅད་ཁྱོད་ལ་འབབ་ཅིང་ཕྲད་པར་འགྱུར་རོ། ༣ ཁྱོད་གྲོང་ཁྱེར་ནའང་བཀྲ་ཤིས་པར་འགྱུར། ཞིང་ནའང་བཀྲ་ཤིས་པར་འགྱུར། ༤ ཁྱོད་ཀྱི་ལུས་ཀྱི་འབྲས་བུ་དང་། ས་ལས་བྱུང་བའི་འབྲས་བུ་དང་། དུད་འགྲོའི་འབྲས་བུ་དང་། སྒོ་ཕྱུགས་ཀྱི་འཕེལ་དང་། ལུག་ཕྱུགས་ཀྱི་ཕྲུ་གུ་རྣམས་བཀྲ་ཤིས་པར་འགྱུར། ༥ ཁྱོད་ཀྱི་གཟེབ་མ་དང་ཟན་གཞོང་བཀྲ་ཤིས་པར་འགྱུར། ༦ ཁྱོད་ནང་དུ་འཇུག་དུས་བཀྲ་ཤིས་པར་འགྱུར། ཕྱི་རོལ་དུ་འགྲོ་དུས་བཀྲ་ཤིས་པར་འགྱུར།༧ ཁྱོད་ལ་འཐབ་ཏུ་ལང་བའི་ཕ་རོལ་པ་རྣམས་ཡ་ཧོ་ཝཱས་ཁྱོད་ཀྱི་མདུན་དུ་འཕམ་པར་མཛད་ཅིང་། ལམ་གཅིག་ནས་དེ་དག་གིས་ཁྱོད་ལ་དམག་འདྲེན་དུ་འོང་ཡང་། ལམ་བདུན་ནས་ཁྱོད་ཀྱི་དྲུང་ནས་འབྲོས་པར་འགྱུར་རོ། ༨ ཁྱོད་ཀྱི་བང་ཁང་རྣམས་དང་། ཁྱོད་ཅག་གིས་གང་ལ་ལག་པ་རེག་ཚད་ལ་ཡ་ཧོ་ཝཱས་བཀྲ་ཤིས་པའི་བཀའ་གནང་ཞིང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་ན་ཁྱོད་བཀྲ་ཤིས་པར་འགྱུར་རོ། ༩ ཁྱོད་ཀྱིས་གལ་ཏེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་བཀའ་རྣམས་སྲུང་སྟེ་ཁོང་གི་གཤེགས་ལམ་རྣམས་ནང་འགྲུལ་ན། ཁོང་གིས་ཁྱོད་ལ་དབུ་མནའ་བཞེས་པ་བཞིན་དུ་ཁོང་རང་གི་ཕྱིར་ཁྱོད་མི་སྡེ་དམ་པ་ཞིག་ཏུ་མཛད་དེ་བརྟན་པར་མཛད་པར་འགྱུར་རོ། ༡༠ ཡང་ས་གཞིའི་མི་བརྒྱུད་ཐམས་ཅད་ཀྱིས་ཁྱོད་ལ་ཡ་ཧོ་ཝཱའི་མཚན་གྱིས་མིང་ཐོགས་པ་མཐོང་བས་ཁྱོད་ལ་འཇིགས་པར་འགྱུར་རོ། ༡༡ ཡང་ཡ་ཧོ་ཝཱས་ཁྱོད་ཀྱི་ནོར་རྫས་ཤེ་ན། ལུས་ཀྱི་འབྲས་བུ་དང་། ལུག་ཕྱུགས་ཀྱི་འབྲས་བུ་དང་། ཡ་ཧོ་ཝཱས་ཕ་མེས་ལ་དབུ་མནའ་བཞེས་པ་བཞིན་དུ་ཁྱོད་ལ་གནང་ཡོང་བའི་ཡུལ་དེའི་ཞིང་གི་འབྲས་བུ་འཕེལ་བར་མཛད་པར་འགྱུར་རོ། ༡༢ ཡ་ཧོ་ཝཱས་ཁྱོད་ལ་རང་གི་གཏེར་བཟང་པོ་ཟེར་ན། ནམ་མཁའ་འབྱེད་དེ། དུས་སུ་ཁྱོད་ཀྱི་ཡུལ་ལ་ཆར་ཆུ་འབེབས་པ་དང་། ཁྱོད་ཀྱི་ལག་པའི་ལས་ཐམས་ཅད་ལ་བྱིན་རླབས་མཛད་པས། ཁྱོད་ཀྱིས་ཕྱིའི་མི་བརྒྱུད་མང་པོ་ལ་སྐྱིའི། དེ་དག་ལས་སྐྱིན་པ་ལེན་པར་མི་འགྱུར་རོ། ༡༣ ཡང་ཡ་ཧོ་ཝཱས་ཁྱོད་མགོ་རུ་འཇོག་ཅིང་མཇུག་ཏུ་མི་འཇོག་པར། ཁྱོད་རྟག་ཏུ་གོང་ན་ཡོད་པ་དེ་འོག་ན་ཡོད་པར་མི་འགྱུར་རོ། དེ་བཞིན་དུ་ཁྱོད་ལ་ནམ་འབྱུང་ཡོང་ཟེར་ན། གལ་ཏེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་བཀའ་ངས་དེ་རིང་ཁྱོད་ལ་སྒོ་བ་རྣམས་ལ་ཉན་ཞིང་སྲུང་སྟེ་དེ་བཞིན་དུ་བྱེད་དེ། ༡༤ ངས་དེ་རིང་ཁྱོད་ལ་ཟེར་བའི་གཏམ་གང་ལས་ཀྱང་གཡས་སམ་གཡོན་དུ་མི་ཟློག་སྟེ་གཞན་ལྷ་རྣམས་ཀྱི་ཕྱི་བཞིན་མི་འབྲང་ཞིང་དེ་དག་ལ་རིམ་གྲོ་མི་བྱེད་ན། དེ་བཞིན་དུ་ཁྱོད་ལ་འབྱུང་བར་འགྱུར་རོ༎
༡༥ ཇི་སྟེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་མི་ཉན་ཞིང་། ཁོང་གི་བཀའ་དང་སྤྱད་མཚམས་ངས་དེ་རིང་ཁྱོད་ལ་སྒོ་བ་རྣམས་མི་སྲུང་སྟེ་མི་བྱེད་ན། དམོད་པ་འདི་ཐམས་ཅད་ཁྱོད་ལ་འབབ་ཅིང་ཐུག་པར་འགྱུར་རོ། ༡༦ ཁྱོད་གྲོང་ཁྱེར་ན་དམོད་པར་འགྱུར། ཞིང་ན་དམོད་པར་འགྱུར། ༡༧ ཁྱོད་ཀྱི་གཟེབ་མ་དང་ཟན་གཞོང་དམོད་པར་འགྱུར། ༡༨ ཁྱོད་ཀྱི་ལུས་ཀྱི་འབྲས་བུ་དང་། ཞིང་གི་འབྲས་བུ་དང་། ལུག་ཕྱུགས་ཀྱི་སྐྱེད་འཕེལ་དམོད་པར་འགྱུར། ༡༩ ཁྱོད་ནང་དུ་འཇུག་ན་དམོད་པར་འགྱུར། ཕྱི་རོལ་དུ་འགྲོ་ཡང་དམོད་པར་འགྱུར། ༢༠ ཁྱོད་ཀྱིས་ལས་ངན་བྱེད་དེ་ང་སྤངས་པས། ཁྱོད་མེད་པར་གྱུར་ཅིང་མྱུར་དུ་འཇིག་པར་གྱུར་པའི་བར་དུ་ཁྱོད་ཀྱིས་ལས་བྱེད་དུ་རྫས་གང་ལ་ལག་པ་རེག་ན་ཡང་། ཡ་ཧོ་ཝཱས་ཁྱོད་ལ་དམོད་པ་དང་འཁྲུག་པ་དང་བཀའ་བཀྱོན་འབེབས་ཡོང་། ༢༡ ཡ་ཧོ་ཝཱས་ཁྱོད་ད་ལྟ་བདག་ཏུ་འཛིན་པའི་ཕྱིར་ནང་དུ་འགྲོ་བའི་ཡུལ་ལས་མེད་པར་མ་མཛད་པའི་བར་དུ་རིམས་ནད་ཁྱོད་ལ་འབྱར་འཇུག་པར་འགྱུར། ༢༢ ཡ་ཧོ་ཝཱས་ཁྱོད་གཅོང་དང་། ཚད་པ་དང་། འཚིག་པའི་ནད་དང་། རུས་ནད་དང་། རལ་གྲི་དང་། འབྲུ་རླུང་གིས་སྐེམ་པ་དང་། སྙེ་དཀར་གྱིས་འདེབས་པར་འགྱུར་བས། ཁྱོད་འཇིག་པར་མ་གྱུར་པའི་བར་དུ་ཁྱོད་ལ་འབྱར་བར་འགྱུར་རོ། ༢༣ ཡང་ཁྱོད་ཀྱི་མགོའི་སྟེང་དུ་ཡོད་པའི་ནམ་མཁའ་ནི་རག་ལྟར་དང་། ཁྱོད་ཀྱི་འོག་ན་ཡོད་པའི་ས་ལྕགས་ལྟར་ཡོད་པར་འགྱུར། ༢༤ ཁྱོད་ཀྱི་ཡུལ་གྱི་ཆར་པ་ཡ་ཧོ་ཝཱས་ཐལ་བ་རྡུལ་དུ་སྒྱུར་བར་མཛད་དེ། ཁྱོད་མེད་པར་མ་གྱུར་པའི་བར་དུ་ནམ་མནའ་ལས་དེ་འབབ་ཡོང་།
༢༥ ཡ་ཧོ་ཝཱས་ནི་ཕ་རོལ་པ་རྣམས་ཀྱིས་ཁྱོད་འཕམ་པར་མཛད་པས། དེ་དག་ལ་དམག་འདྲེན་དུ་ཁྱོད་ལམ་གཅིག་ཏུ་སོང་ནས། ལམ་བདུན་དུ་དེ་དག་གི་དྲུང་ནས་འབྲོས་ཏེ། ས་གཞིའི་རྒྱལ་ཁམས་ཐམས་ཅད་དུ་འབྱེར་ཡོང་། ༢༦ ཡང་ཁྱོད་ཀྱི་རོ་ནི་བར་སྣང་གི་འདབ་ཆགས་ཐམས་ཅད་དང་ས་གཞིའི་གཅན་གཟན་གྱི་ཁ་ཟས་སུ་འགྱུར་ཞིང་། སུས་ཀྱང་དེ་དག་དཀྲོག་པར་མི་འགྱུར་རོ། ༢༧ ཡ་ཧོ་ཝཱས་ཁྱོད་ལ་མི་སེར་ཡུལ་གྱི་ཤུ་བ་དང་འབྲུམ་པ་དང་། རྔོ་དང་། ཟ་བུན་གསོ་ཐབས་མེད་པ་རྣམས་ཀྱིས་གདུངས་པར་བྱའོ། ༢༨ ཡ་ཧོ་ཝཱས་ཁྱོད་ལ་སྨྱོ་འབོག་དང་ལོང་བ་དང་བློ་རྨོངས་པས་རྡབ་ཅིང་། ༢༩ མི་ལོང་བ་ཞིག་མུན་ནག་ནང་མུན་ཉུག་གཏོང་བ་བཞིན་དུ་ཁྱོད་ཉིན་གུང་ལ་མུན་ཉུག་གཏང་འོང་། ལས་ནང་གོ་མི་ཆོད་པར་ཞག་རེ་བཞིན་མགོ་ནོན་འབྱུང་ཞིང་འཇོམས་པར་འགྱུར། སྐྱབས་བྱེད་པ་སུ་ཡང་འབྱུང་བར་མི་འགྱུར་རོ། ༣༠ ཁྱོད་ཀྱིས་བུ་མོ་ཞིག་བག་མར་བླང་ཡང་། གཞན་ཞིག་གིས་དེ་ལེན་པར་བྱ། ཁྱོད་ཀྱིས་ཁང་པ་ཞིག་རྩིག་ཀྱང་། ཁྱོད་དེའི་ནང་ན་མི་གནས། ཁྱོད་ཀྱིས་རྒུན་ཚལ་ཞིག་བཙུགས་ཀྱང་། ཁྱོད་དེའི་འབྲས་བུ་ཟ་མི་ཡོང་། ༣༡ ཁྱོད་ཀྱི་བ་གླང་ཁྱོད་ཀྱི་མཐོང་ངོར་གསོད་པར་འགྱུར་ཡང་དེའི་ཤ་ལས་ཟ་བར་མི་འགྱུར། ཁྱོད་ཀྱི་བོང་བུ་ཁྱོད་ཀྱི་དྲུང་ནས་འཕྲོག་སྟེ་འཁྱེར་བར་འགྱུར་ཡང་ཁྱོད་ལ་ཕྱིར་འབྱུང་བར་མི་འགྱུར། ཁྱོད་ཀྱི་ལུག་རྣམས་ཁྱོད་ཀྱི་ཕ་རོལ་པ་རྣམས་ཀྱི་ལག་ཏུ་སླེབ་ཀྱང་། སྐྱབས་བྱེད་པ་སུ་ཡང་འབྱུང་བར་མི་འགྱུར། ༣༢ ཁྱོད་ཀྱི་བུ་དང་བུ་མོ་རྣམས་མི་བརྒྱུད་གཞན་ལ་གཏང་བར་འགྱུར་ཅིང་ཁྱོད་ཀྱི་མིག་གིས་དེ་མཐོང་སྟེ་ཉིན་གང་དེ་དག་ལ་གདུང་ཡང་ཁྱོད་ཀྱི་ལག་པས་ཅིའང་བྱེད་མི་ཐུབ། ༣༣ ཁྱོད་ཀྱི་ཞིང་གི་འབྲས་བུ་དང་། ཁྱོད་ཀྱི་ལས་ཐམས་ཅད་ཁྱོད་ཀྱིས་མི་ཤེས་པའི་མི་བརྒྱུད་ཅིག་གིས་ཟ་བར་འགྱུར་བ་དང་། ཁྱོད་རྟག་ཏུ་ཡོངས་སུ་ནོན་ཞིང་རྫི་བར་འགྱུར་བས། ༣༤ ཁྱོད་ཀྱི་མིག་གིས་དེ་ལ་ལྟ་ཞིང་མཐོང་བའི་རྐྱེན་གྱིས་སྨྱོ་བར་འགྱུར། ༣༥ ཡ་ཧོ་ཝཱས་ཁྱོད་ཀྱི་པུས་མོ་དང་རྐང་པ་ལ་ཤུ་བ་གསོ་ཐབས་མེད་པས་རྐང་མཐིལ་ནས་སྤྱི་བོའི་བར་དུ་འདེབས་པར་འགྱུར།
༣༦ ཡ་ཧོ་ཝཱས་ཁྱོད་དང་ཁྱོད་རང་གི་ཕྱིར་བསྐོས་པའི་རྒྱལ་པོ་ཁྱོད་དང་ཕ་མེས་རྣམས་ཀྱིས་ངོ་མི་ཤེས་པའི་མི་བརྒྱུད་ཀྱི་རྩར་འཁྲིད་པ་དང་། དེར་ཤིང་དང་རྡོ་ནས་བཟོས་པའི་ལྷ་རྣམས་ལ་རིམ་གྲོ་བྱེད་པར་འགྱུར་རོ། ༣༧ ཡང་ཡ་ཧོ་ཝཱས་ཁྱོད་གང་མི་བརྒྱུད་རྣམས་ཀྱི་ཁྲོད་དུ་འཁྲིད་པ་དེར་ཁྱོད་ངོ་མཚར་བའི་རྒྱུ་དང་ཁ་དཔེ་ལྟར་དགོད་བྲོ་རུ་འགྱུར་ཡོང་། ༣༨ ཁྱོད་ཞིང་ལ་ས་བོན་མང་པོ་འདེབས་ཀྱི། ཆ་ག་འབུས་ཟ་བས་ཉུང་བ་བསྡུ་བར་འགྱུར། ༣༩ རྒུན་ཚལ་བཙུགས་ནས་འབད་ཀྱང་། འབུ་རྣམས་ཀྱིས་ཟ་བས། ཁྱོད་རྒུན་ཆང་འཐུང་བ་དང་རྒུན་འབྲུམ་བསྡུ་བར་མི་འགྱུར། ༤༠ ཁ་སྐྱུར་པོའི་ཤིང་རྣམས་ཁྱོད་ཀྱི་ས་མཚམས་ཐམས་ཅད་དུ་མོད་ཀྱི། ཁྱོད་ཀྱི་ཁ་སྐྱུར་པོ་འབུད་འོངས་བས། དེའི་སྣུམ་ཁྱོད་ཀྱིས་རང་ལ་སྐུད་པར་མི་འགྱུར། ༤༡ ཁྱོད་ལ་བུ་དང་བུ་མོ་རྣམས་སྐྱེད་ན་ཡང་། དེ་དག་བཙོན་དུ་འཁྱེར་བར་འགྱུར་བས། ཁྱོད་ཀྱི་ཕྱིར་ལུས་པར་མི་འགྱུར། ༤༢ ཁྱོད་ཀྱི་ཡུལ་གྱི་ཤིང་དང་ཤིང་ཐོག་ཐམས་ཅད་ཆ་ག་འབུས་ཟ་ཡོང་། ༤༣ ཁྱོད་ཀྱི་དཀྱིལ་དུ་ཡོད་པའི་ཕྱི་མི་ཁྱོད་ལས་ཤིན་ཏུ་མཐོ་བ་དང་། ཁྱོད་ཤིན་ཏུ་དམའ་བར་འགྱུར། ༤༤ དེས་ཁྱོད་ལ་སྐྱིའི་ཁྱོད་ཀྱིས་དེ་ལ་མི་སྐྱི་བས། དེ་ནི་མགོ་དང་ཁྱོད་རྔ་མ་ལ་འགྱུར་བར་འགྱུར་རོ། ༤༥ དེའང་ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཉན་ཏེ་ཁོང་གིས་ཁྱོད་ལ་གནང་བའི་བཀའ་དང་སྤྱད་མཚམས་རྣམས་མ་བསྲུངས་པའི་ཕྱིར། ཁྱོད་མེད་པར་མི་འགྱུར་བའི་བར་དུ་དམོད་མོ་འདི་ཐམས་ཅད་ཀྱི་སྟེང་དུ་འོང་ཞིང་ཁྱོད་འདེད་དེ་འཛིན་པར་འགྱུར་བ་དང་། ༤༦ དེ་རྣམས་ནི་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ལ་རྟག་ཏུ་རྟགས་དང་ལྟས་ལྟར་ལུས་པར་འགྱུར།
༤༧ ཁྱོད་ལ་ལོངས་སྤྱོད་ཐམས་ཅད་ཡོད་བཞིན་དུ་སྤྲོ་བ་བསྐྱེད་ཅིང་སེམས་དགའ་བཞིན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གཡོག་མ་བྱས་པས། ༤༨ ཡ་ཧོ་ཝཱས་ཁྱོད་ཀྱི་ཐོག་ཏུ་སྩལ་བའི་ཕ་རོལ་པ་རྣམས་ཀྱི་གཡོག་བྱེད་དེ། ལྟོགས་པ་དང་སྐོམ་པ་དང་གོས་མེད་པ་དང་ཅི་ཚང་མའི་དགོས་འདོམ་ཤར་ནས། དེས་ཁྱོད་མེད་པར་མ་བྱས་པའི་བར་དུ་ཁྱོད་ཀྱི་གཉའ་ལ་ལྕགས་ཀྱི་གཉའ་ཤིང་འགེལ་བར་འགྱུར།
༤༩ ཡ་ཧོ་ཝཱས་ཁྱོད་ལ་འཐབ་ཏུ་ཐག་རིང་པོ་ནས་ས་གཞིའི་མཐའ་མ་ནས་མྱུར་དུ་འཕུར་བའི་གོ་བོ་ལྟ་བུའི་མི་བརྒྱུད་ཅིག་འདྲེན་པར་འགྱུར། ཁྱོད་ཀྱིས་དེའི་སྐད་གོ་བར་མི་འགྱུར། ༥༠ མི་བརྒྱུད་དེའི་གདོང་ནག་ཅིང་མི་རྒད་པོ་ལ་མི་ལྟ། ཕྲུ་གུ་ལ་ཡང་སྙིང་རྗེ་མི་སྐྱེད། ༥༡ ཁྱོད་མེད་པར་མ་གྱུར་པའི་བར་དུ་ཁྱོད་ཀྱི་ཕྱུགས་ཀྱི་འབྲས་བུ་དང་། ཞིང་གི་འབྲས་བུ་ཟ་བར་འགྱུར། ཡང་དེས་ཁྱོད་ཚར་མ་གཅོད་པའི་བར་དུ་ཁྱོད་ལ་འབྲུའམ་རྒུན་འབྲུམ་མམ་འབྲུ་མར་རམ་ལུག་ཕྱུགས་ཀྱི་སྐྱེད་འཕེལ་ལུས་སུ་མི་གཞུག ༥༢ ཁྱོད་ཀྱིས་གདེང་ཚད་བསྐྱེད་པའི་ལྕགས་རི་མཐོན་པོ་དང་སྲ་བ་རྣམས་ཁྱོད་ཀྱི་ཡུལ་ཚང་མ་རུ་མ་རྟིབ་པའི་བར་དུ་ཁྱོད་ཀྱི་རྒྱ་སྒོ་ཐམས་ཅད་སྐོར་ཡོང་། ༥༣ ཡང་དམག་བསྐོར་ཡོད་དུས་དང་ཕ་རོལ་པས་ཁྱོད་ལ་སྡུག་བསྔལ་དུ་འཇུག་སྐབས་སུ་ཁྱོད་ཀྱིས་རང་གི་ལུས་ཀྱི་འབྲས་བུའམ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་བུ་དང་བུ་མོ་རྣམས་ཀྱི་ཤ་ཟ་བར་འགྱུར། ༥༤ ཁྱོད་རྣམས་ཀྱི་ནང་ན་སྐྱེས་པ་ཤ་འཇམ་པ་སྐྱིད་ཆོས་བྱེད་པ་དེ་ལ་སྤུན་དང་པང་གི་ཆུང་མ་དང་། རང་གི་ཕྲུ་གུ་ཕྱི་ལུས་རྣམས་ལ་མིག་ཅེ་རེ་ལྟ་ཞིང་། ༥༥ རང་གི་ཕྲུ་གུའི་ཤ་རང་གིས་ཟ་བར་འདོད་པས། དེ་དག་ལས་སུ་ལ་ཡང་དེ་ལས་གཏོང་བར་མི་འགྱུར་རོ། ཅི་ལ་ཞེ་ན། དམག་བསྐོར་བ་དང་ཕ་རོལ་པ་རྣམས་ཀྱིས་ཁྱོད་ཀྱི་རྒྱ་སྒོ་ཐམས་ཅད་དུ་ཁྱོད་ལ་སྡུག་བསྔལ་དུ་འཇུག་པའི་དུས་སུ་དེ་ལ་ཟ་རྒྱུ་གང་ཡང་ལུས་པར་མི་འགྱུར་བའི་ཕྱིར་རོ། ༥༦ ཁྱོད་རྣམས་ཀྱི་ནང་ན་བུད་མེད་ཤ་འཇམ་པ་སྐྱིད་ཆོས་བྱེད་པ། ཤ་འཇམ་ཞིང་སྐྱིད་ཆོས་བྱེད་པའི་རྒྱུ་ནས་རང་གི་རྐང་མཐིལ་ས་ལ་འཛུགས་པར་མ་བཏུབ་པ་དེས་པང་གི་ཁྱོ་དང་བུ་དང་བུ་མོ་དང་། ༥༧ རང་གི་རྐང་པའི་བར་ལས་ཐོན་པའི་བྱིས་པ་དང་། རང་ལ་སྐྱེ་བར་བྱ་བའི་བུ་རྣམས་ལ་མིག་ཅེ་རེ་ལྟ་བར་འགྱུར། གང་ལ་ཞེ་ན། མོ་དེ་ལ་ཟ་རྒྱུ་མེད་པས་དམག་བསྐོར་བ་དང་ཕ་རོལ་པ་རྣམས་ཀྱིས་ཁྱོད་ཀྱི་རྒྱ་སྒོ་ཐམས་ཅད་དུ་ཁྱོད་ལ་སྡུག་བསྔལ་དུ་འཇུག་པའི་དུས་སུ་དེ་དག་གསང་སྟེ་ཟ་བར་འགྱུར་བའི་ཕྱིར་རོ༎
༥༨ གླེགས་བམ་འདིར་བྲིས་པའི་བཀའ་ཁྲིམས་འདིའི་ཚིག་ཐམས་ཅད་ནི་གལ་ཏེ་མི་སྲུང་ཞིང་མི་བྱེད་པར། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཅེས་བྱ་བའི་མཚན་འཕགས་པ་འཇིགས་སུ་རུང་བ་དེ་ལ་མི་འཇིགས་ན། ༥༩ ཁྱོད་ཀྱི་སྡུག་བསྔལ་དང་ཁྱོད་ཀྱི་བུ་རྣམས་ཀྱི་སྡུག་བསྔལ་རྣམས་ངོ་མཚར་ཆེ་བར་མཛད་དེ། སྡུག་བསྔལ་དྲག་པོ་མྱུར་དུ་མི་ཟིན་པ་རྣམས་དང་གཉན་ནད་ངན་ཞིང་མགྱོགས་པར་མི་ཟིན་པ་རྣམས་གནང་བར་འགྱུར་རོ། ༦༠ ཡང་ཁྱེད་འཇིགས་པའི་མི་སེར་ཡུལ་གྱི་རིམས་ཐམས་ཅད་ཁྱོད་ལ་འདེབས་པས། དེ་རྣམས་ཁྱོད་ལ་འབྱར་བར་འགྱུར་རོ། ༦༡ ཡང་ཁྱོད་མེད་པར་མ་གྱུར་པའི་བར་དུ་བཀའ་ཁྲིམས་འདིའི་གླེགས་བམ་ནང་མ་བྲིས་པའི་སྡུག་བསྔལ་ཚང་མ་ཡ་ཧོ་ཝཱས་ཁྱོད་ཀྱི་སྟེང་དུ་འདྲེན་པར་འགྱུར། ༦༢ ཁྱེད་ཀྱི་གྲངས་ནི་ནམ་མཁའི་སྐར་མ་དང་འདྲ་བར་འབྱུང་བ་ཡིན་རུང་། ཁྱོད་ཀྱི་གྲངས་ཉུང་བ་འབའ་ཞིག་ལུས་ཡོང་། གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཉན་པར་མ་དགའ་བའི་ཕྱིར་རོ། ༦༣ ཡང་ཇི་ལྟར་ཡ་ཧོ་ཝཱས་སྔར་ཁྱོད་རྣམས་ལ་བཀའ་དྲིན་མཛད་པ་དང་ཁྱོད་རྣམས་རྒྱས་པར་མཛད་པ་ལ་ཐུགས་དགྱེས་པ། དེ་ལྟར་ཡ་ཧོ་ཝཱས་ཁྱོད་རྣམས་སྣུབ་པ་དང་མེད་པར་མཛད་པ་ལ་ཐུགས་དགྱེས་ཤིང་། ཁྱོད་རྣམས་ཀྱིས་བདག་ཏུ་འཛིན་དུ་འགྲོ་བའི་ཡུལ་དེ་ལས་རྩད་ནས་གཅོད་པར་འགྱུར་རོ། ༦༤ ཡང་ཡ་ཧོ་ཝཱས་ཁྱོད་ས་ཆེན་པོའི་མཐའ་གཅིག་ནས་མཐའ་གཞན་གྱི་བར་དུ་མི་བརྒྱུད་ཐམས་ཅད་ཀྱི་ཁྲོད་དུ་གཏོར་བས། དེར་ཁྱོད་དང་ཕ་མེས་ཀྱིས་མ་ཤེས་པ་རྣམས་ཟེར་ན། ཤིང་དང་རྡོ་རྣམས་ལ་རིམ་གྲོ་བྱེད་ཡོང་། ༦༥ ཡང་མི་བརྒྱུད་དེ་རྣམས་ཀྱི་ཁྲོད་ན་ཁྱོད་ལ་སེམས་སྐྱིད་པོ་མི་རྙེད་པར་ཁྱོད་ཀྱི་རྐང་མཐིལ་ལ་ངལ་གསོ་ཐོབ་པར་མི་འགྱུར། འོན་ཡ་ཧོ་ཝཱས་ཁྱོད་ལ་དེར་འཇིགས་པས་འདར་བའི་སྙིང་དང་། རེ་བ་མེད་པར་གདུང་བའི་མིག་དང་། སྙིང་གཟེར་གནང་བས། ༦༦ སྲོག་དང་བྲལ་གྱིས་དོགས་པའི་སྐོར་ལ་ཉིན་མཚན་དུ་དངང་སྟེ་འཚོ་བའི་གདེང་ཚད་མེད་པའི་ངང་ནས། ༦༧ ཁྱོད་ཀྱི་སྙིང་དངང་སྐྲག་པ་དང་། ཁྱོད་ཀྱི་མིག་གི་མཐོང་བའི་རྐྱེན་གྱིས་སྔ་དྲོ་ལ་དགོངས་མོ་འོང་ན་ལེགས་དང་དགོངས་མོ་ལ་སྔ་དྲོ་འོང་ན་ལེགས་སོ་ཞེས་ཟེར་བར་འགྱུར་རོ། ༦༨ ཡང་ཡ་ཧོ་ཝཱས་ཁྱོད་ལ་ལམ་དེ་ཁྱོད་ཀྱིས་ཕྱིར་མཐོང་བར་མི་འགྱུར་ཞེས་གསུངས་ཀྱི། ལམ་དེར་ཁྱོད་གྲུ་གཟིངས་རྣམས་ལ་བསྐྱོན་ཏེ་མི་སེར་ཡུལ་དུ་ཕྱིར་ཁྲིད་ནས། དེར་ཁྱོད་ཀྱི་ཕ་རོལ་པ་རྣམས་ཀྱི་བྲན་པོ་དང་བྲན་མོ་བྱེད་དུ་འཚོང་བར་འགྱུར་ཀྱང་། སུས་ཀྱང་ཁྱོད་ཉོ་བར་མི་འགྱུར་རོ་ཞེས་སྨྲས་སོ༎