༢༧
ཡང་མོ་ཤེ་དང་ཨིས་ར་ཨེལ་གྱི་རྒན་པོ་རྣམས་ཀྱིས་མི་སྡེ་ལ་འདི་སྐད་དུ། ངས་དེ་རིང་ཁྱོད་ཅག་ལ་སྐུལ་བའི་བཀའ་ཐམས་ཅད་སྲུང་ཞིག  ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་དུ་ཡོར་དན་གྱི་ཕ་རོལ་དུ་འགྲོ་བའི་ཉིན་མོར་ཁྱོད་ཀྱིས་རྡོ་ཆེན་པོ་རྣམས་བཙུགས་ནས་དཀར་རྩི་སྐུད་པར་བྱོས།  ཡང་ཕ་རོལ་དུ་སོང་ནས་དེ་དག་གི་ཁར་བཀའ་ཁྲིམས་འདིའི་ཚིག་ཐམས་ཅད་འབྲི་བར་དགོས། གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་ཕ་མེས་ཀྱི་དཀོན་མཆོག་གིས་ཁྱོད་ལ་ཞལ་གྱིས་བཞེས་པ་བཞིན་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་འོ་མ་དང་སྦྲང་རྩིས་གང་བ་རུ་འཇུག་པར་འགྱུར་བའི་ཕྱིར་རོ།  དེ་བས་ན་ཁྱེད་ཡོར་དན་གྱི་ཕ་རོལ་དུ་སོང་ནས། དེ་རིང་ངས་ཁྱེད་ལ་བསྒོ་བའི་རྡོ་རྣམས་རི་ཨེ་བལ་དུ་འཛུགས་ཏེ། དཀར་རྩི་སྐུད་པར་དགོས།  དེ་རུ་ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་མཆོད་ཁྲི་རྒྱུ་རྡོ་ནས་མཆོད་ཁྲི་ཞིག་བཟོ་སྟེ་ལྕགས་རིགས་གང་ཡང་དེ་ལ་མ་རྒྱབ།  ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་མཆོད་ཁྲི་མ་བཞོགས་པའི་རྡོ་རྣམས་ལས་བཟོ་བ་དང་། དེའི་ཁར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་སྦྱིན་སྲེག་རྣམས་ཕུལ་ཞིག  བདེ་བའི་མཆོད་པ་རྣམས་ཀྱང་འབུལ་ཏེ། དེར་ཟ་ཞིང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་སེམས་དགའ་བར་བྱོས།  ཡང་རྡོ་རྣམས་ཀྱི་སྟེང་དུ་བཀའ་ཁྲིམས་འདིའི་ཚིག་ཐམས་ཅད་ཤིན་ཏུ་གསལ་པོར་འབྲི་བར་དགོས་ཤེས་བསྒོའོ༎
 ཡང་མོ་ཤེ་དང་བླ་མ་རྣམས་དང་ལེ་ཝི་པ་རྣམས་ཀྱིས་ཨིས་ར་ཨེལ་ཐམས་ཅད་ལ། ཀྱེ་ཨིས་ར་ཨེལ་ཁ་རོག་སྡོད་ཅིང་ཉོན། དེ་རིང་གི་ཞག་ལ་ཁྱོད་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་མི་སྡེ་ལ་གྱུར་པ་ཡིན། ༡༠ དེ་བས་ན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་གསུང་ལ་ཉོན་དང་། ངས་དེ་རིང་ཁྱོད་ལ་བསྐུལ་བའི་ཁོང་གི་བཀའ་དང་སྤྱད་མཚམས་རྣམས་སྲུངས་ཤིག་ཅེས་ཟེར་ཏོ༎
༡༡ ཡང་མོ་ཤེས་ཉིན་དེ་རང་ལ་མི་སྡེ་ལ་ནན་ཏན་བྱས་ཏེ་འདི་སྐད་དུ། ༡༢ ཁྱེད་ཡོར་དན་གྱི་ཕ་རོལ་དུ་ཕྱིན་པའི་དུས་སུ་མི་བརྒྱུད་ལ་བྱིན་རླབས་བྱེད་དུ་གེ་རི་ཟིམ་རི་ལ་ཤིམ་ཨོན་དང་། ལེ་ཝི་དང་། ཡུ་དཱ་དང་། ཨི་ས་གར་དང་། ཡོ་སེབ་དང་། བེན་ཡ་མིན་འགྲེང་སྡོད་ཅིག ༡༣ རི་ཨེ་བལ་ཁར་རུ་བེན་དང་། གད་དང་། ཨ་ཤེར་དང་། ཟེ་བུ་ལོན་དང་། དཱན་དང་། ནབ་ཐ་ལི་འགྲེང་སྡོད་ཅིག ༡༤ ཡང་ལེ་ཝི་པས་ཨིས་ར་ཨེལ་གྱི་མི་ཐམས་ཅད་ལ་སྐད་ཆེན་པོས་འདི་སྐད་དུ།
༡༥ ཡ་ཧོ་ཝཱའི་ཕྱིར་རྫས་མི་གཙང་བ་ཡིན་པའི་སྐུ་འདྲའམ་བླུགས་སྐུ་བཟོ་བའི་ལག་གིས་བྱས་པའི་བཟོ་གང་ཡང་མི་ཞིག་གིས་བཅོས་ནས་གསང་བའི་གནས་ཤིག་སློང་མཁན་གྱི་མི་དེ་གླུད་དུ་གྱུར་ཅིག ཅེས་པའི་ལན་དུ་མི་ཐམས་ཅད་ཀྱིས་ཨ་མེན་ཞེས་ཟེར་བར་དགོས།
༡༦ རང་གི་ཕའམ་མ་ལ་སྨད་པ་དེ་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་བར་དགོས།
༡༧ རང་གི་ཁྱིམ་མཚེས་པའི་ས་རྟགས་འཐེན་མཁན་དེ་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་དགོས།
༡༨ མི་ལོང་བ་ཞིག་ལམ་ལས་འཁྱར་འཇུག་པ་དེ་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་དགོས།
༡༩ སུས་ཀྱང་ཕྱི་མི་དང་། དྭ་ཕྲུག་དང་། མོ་རང་མོའི་ཁྲིམས་སླད་པ་དེ་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་བར་དགོས།
༢༠ སུ་ཡང་ཕའི་ཆུང་མ་དང་འགྲོགས་ཏེ་ཕའི་ཐུ་བ་སློག་པ་དེ་མི་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་བར་དགོས།
༢༡ དུད་འགྲོ་གང་རུང་དང་འཁྲིག་པ་བྱེད་པ་མི་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་དགོས།
༢༢ རང་གི་སྲིང་མོ་ཞེ་ན་ཕའི་བུ་མོའམ། མའི་བུ་མོ་དང་འགྲོགས་པ་དེ་མི་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་དགོས།
༢༣ རང་གི་སྒྱུག་མོ་དང་འགྲོགས་པ་དེ་མི་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་བར་དགོས།
༢༤ རང་གི་ཁྱིམ་མཚེས་ཀྱི་སྲོག་གསང་སྟེ་གཅོད་པ་དེ་མི་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་བར་དགོས།
༢༥ མི་ནོངས་མེད་ཀྱི་སྲོག་གཅོད་པའི་ཕྱིར་ཕག་སུག་ལེན་པ་དེ་མི་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་བར་དགོས།
༢༦ བཀའ་ཁྲིམས་འདིའི་ཚིག་རྣམས་སྲུང་དུ་དེ་རྣམས་ནང་བརྟན་པར་མི་གནས་པ་དེ་མི་གླུད་དུ་གྱུར་ཅིག ཡང་མི་ཐམས་ཅད་ཀྱིས་ཨ་མེན་ཟེར་བར་དགོས་སོ༎