༢༤
མི་ཞིག་གིས་བག་མ་བླངས་ཏེ་ཆུང་མ་བྱས་ནས་མོའི་ནང་ན་མི་གཙང་བ་ཞིག་རྟོགས་པས་མོ་ལ་མི་དགའ་ན། འབྲལ་ཡིག་ཅིག་བྲིས་ནས་མོའི་ལག་ཏུ་བཏང་ནས་རང་གི་ཁང་པ་ནས་འགྲོར་འཇུག་པར་དགོས་སོ།  ཡང་ཁང་པ་ནས་སོང་ནས་མི་གཞན་ཞིག་གི་བག་མར་འགྱུར་ཆོག  ཡང་གལ་ཏེ་ཁྱོ་གཉིས་པས་མོ་ལ་སྡང་བས་འབྲལ་ཡིག་བྲིས་པ་དང་། མོའི་ལག་ཏུ་བཏང་ནས་ཁང་པ་ནས་འགྲོར་འཇུག་པའམ། མོ་བག་མར་བླངས་པའི་ཁྱོ་གཉིས་པ་འཆི་ན།  མོ་མི་གཙང་བར་གྱུར་བའི་འོག་ཏུ་སྔར་ཡོད་པའི་ཁྱོས་དེ་བཏང་ཟིན་པས་སྐྱར་ཆུང་མར་ལེན་དུ་མི་རུང་ངོ་། བྱ་བ་དེ་ནི་ཡ་ཧོ་ཝཱའི་ཞལ་ངོར་མི་གཙང་བ་ཡིན་ཏེ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་ནོར་བདག་ཏུ་གནང་བའི་ཡུལ་གྱིས་སྡིག་པ་བྱེད་དུ་མ་འཇུག
 མི་ཞིག་གིས་བག་མ་གསར་བ་བླངས་ནས་དམག་འདྲེན་དུ་འགྲོ་བའམ། བྱ་བ་ཞིག་གི་ཁག་གང་ཡང་དེ་ལ་འགེལ་བར་མི་རིགས་ཀྱི། རང་དགར་བྱེད་དུ་ལོ་གཅིག་བར་དུ་ཁང་པར་སྡོད་དེ་བླངས་པའི་བག་མ་ལ་སེམས་དགའ་བའི་རིགས་སོ༎
 མི་སུས་ཀྱང་རང་འཐག་ལག་སྐོར་གྱི་སྟེང་རྡོའམ་འོག་རྡོ་གཏའ་མར་མ་ལེན། དེ་ལྟར་བྱེད་པས་མིའི་འཚོ་བ་གཏའ་མར་འཁྱེར་བའི་ཕྱིར་རོ༎
 མི་ཞིག་གིས་རང་གི་སྤུན་ཨིས་ར་ཨེལ་གྱི་བུ་རྣམས་ལས་མི་གཅིག་བརྐུས་ནས་ཚོང་ཟོང་ལྟར་འཚོང་བ་དང་ཐུག་ཡོང་ན། རྐུན་མ་གསོད་ཅིག་དང་། ཁྱེད་ཀྱི་དཀྱིལ་ནས་ངན་པ་སེལ་བར་དགོས་སོ༎
 མཛེ་ནད་ལས་སྲུང་ལ། ངས་བླ་མ་དང་ལེ་ཝི་པ་རྣམས་ལ་དེ་བཞིན་དུ་བྱེད་པར་དགོས་ཤེས་བསྟན་པ་བཞིན་དུ་དེ་དག་གིས་ཁྱོད་ལ་ཅི་དང་ཅི་བསྟན་ཡོང་བ་ཞིབ་པར་སྒྲུབ་ཅིག  ཁྱེད་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་འོངས་པའི་རྗེས་སུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ལམ་ལ་མིར་ཡམ་ལ་ཅི་མཛད་པ་དྲན་པར་གྱིས་ཤིག
༡༠ ཁྱོད་ཀྱིས་སྤུན་ལ་སྐྱིན་པ་ཞིག་སྐྱི་ན། མི་དེ་རྫས་ཤིག་གཏའ་མར་གཏོང་བའི་ཕྱིར། ཁྱོད་དེའི་ཁང་པར་མ་འཇུག ༡༡ ཁྱོད་ཕྱི་རོལ་ན་སྡོད་པ་དང་། སྐྱིན་པ་ཐོབ་པའི་མིས་གཏའ་མ་ཕྱི་རོལ་ཏུ་འཁྱེར་བའི་རིགས་སོ། ༡༢ གལ་ཏེ་མི་དེ་དབུལ་བ་ཡིན་ན་དེའི་གཏའ་མ་ཕྱིར་ལག་ཏུ་མ་བཏང་བར་ཉལ་དུ་མ་འགྲོ། ༡༣ ཉི་མ་ནུབ་པའི་དུས་སུ་དེའི་གཏའ་མ་ཅི་ནས་ཀྱང་ཕྱིར་ཐོང་དང་། དེས་རང་གི་གོས་གོན་ཏེ་ཉལ་བས་ཁྱོད་ཀྱི་ཕྱིར་སྨོན་ལམ་འདེབས་པར་འགྱུར། ཡང་ཁྱོད་ཀྱིས་བྱས་པ་དེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་དྲང་བ་ཉིད་དུ་རྩི་བར་འགྱུར་རོ༎
༡༤ ཁྱོད་ཀྱི་སྤུན་རྣམས་སམ་ཡུལ་ན་ཁྱོད་ཀྱི་སྒོ་ཁང་རྣམས་ལ་ཡོད་པའི་ཕྱི་མི་རྣམས་ལས་གླ་པ་སྡུག་ཕོངས་པ་ཞིག་མ་ནོན། ༡༥ ཞག་རེའི་གླ་ཞག་རེ་བཞིན་དེ་ལ་སྟེར་ཏེ་མ་སྟེར་བར་ཉི་མ་ནུབ་པར་མི་དགོས། དེ་མིན་མི་དེ་ནི་དབུལ་ཕོངས་ཡིན་ཏེ། གླ་ཆ་སེམས་ནས། ཁྱོད་ཀྱི་ཕྱིར་ཡ་ཧོ་ཝཱ་ལ་འོ་དོད་ཞུ་སྟེ། དེ་ནི་ཁྱོད་ལ་སྡིག་པར་རྩི་བར་འགྱུར།
༡༦ བུ་ཕྲུག་རྣམས་ཀྱི་ཉེས་ལན་དུ་ཕ་རྣམས་གསོད་པའམ། ཕ་རྣམས་ཀྱི་ཉེས་ལན་དུ་བུ་ཕྲུག་རྣམས་གསོད་པར་མི་རུང་གི། མི་རེ་རང་གི་ཉེས་ལན་དུ་གསོད་པའི་རིགས་སོ༎
༡༧ ཕྱི་མིའམ་དྭ་ཕྲུག་གི་ཁྲིམས་མ་ཤིག་ཅིག མོ་རང་མོའི་གོས་གཏའ་མར་མ་ལེན། ༡༨ ཁྱོད་ཅག་མི་སེར་ཡུལ་ན་གཉའ་ཡལ་དུ་ཡོད་དེ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དེ་ལས་བསྒྲལ་བར་མཛད་པས། ཁྱོད་ཀྱིས་འདི་བཞིན་དུ་བྱེད་དུ་ངས་སྐུལ་ལོ༎
༡༩ ཁྱོད་ཀྱི་འབྲུ་ཞིང་རྔ་བའི་དུས་སུ་ཞིང་ལ་ཕོན་པོ་ཞིག་ལུས་པས་ཡང་ལེན་དུ་མ་འགྲོ། ཕྱི་མི་དང་དྭ་ཕྲུག་དང་མོ་རང་མོའི་ཕྱིར་ལུས་པར་དགོས། དེ་བཞིན་དུ་བྱེད་ན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ལག་པའི་ལས་ཐམས་ཅད་ལ་བྱིན་རླབས་མཛད་པར་འགྱུར་རོ། ༢༠ ཡང་ཁ་སྐྱུར་པོའི་ཤིང་ལས་འབྲས་བུ་སྒྲུག་སྐབས་སུ་ཡལ་ག་རྣམས་ལས་སླར་མ་འཚོལ། ཕྱི་མི་དང་དྭ་ཕྲུག་དང་མོ་རང་མོའི་ཕྱིར་ལུས་པར་དགོས། ༢༡ རྒུན་ཚལ་ལ་རྒུན་འབྲུམ་བསྡུ་སྐབས་སུ་ཡང་སྐྱར་མ་བསྡུ། ཕྱི་མི་དང་དྭ་ཕྲུག་དང་མོ་རང་མོའི་ཕྱིར་ལུས་པར་དགོས། ༢༢ ཁྱོད་མི་སེར་ཡུལ་ན་སྒོ་ཡལ་དུ་ཡོད་པ་དྲན་པར་བྱོས་དང་། དེའི་ཕྱིར་ཁྱོད་ཀྱིས་འདི་བཞིན་དུ་བྱེད་དུ་ངས་སྐུལ་ལོ༎