༢༣
རླིག་པ་མཉེས་མཁན་ནམ་ཕོ་མཚན་བཅད་མཁན་ནི་ཡ་ཧོ་ཝཱའི་འདུན་མའི་ནང་འོང་བར་མི་དགོས།༢ ནལ་ཕྲུག་ཡ་ཧོ་ཝཱའི་འདུན་མར་འཇུག་པར་མི་རུང་སྟེ། དེའི་བུ་ཚ་རབས་བཅུ་པ་ཡང་ཡ་ཧོ་ཝཱའི་འདུན་མར་འཇུག་པར་མི་རུང་ངོ་༎
༣ ཨམ་མོན་པའམ་མོ་ཨབ་པ་སུ་ཡང་ཡ་ཧོ་ཝཱའི་འདུན་མར་འཇུག་པར་མི་རུང་སྟེ། དེའི་བུ་ཚ་རབས་བཅུ་པ་ཡང་ཡ་ཧོ་ཝཱའི་འདུན་མར་འཇུག་པར་མི་རུང་ངོ་། ༤ གང་ལ་ཞེ་ན། ཁྱོད་རྣམས་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཐོན་སྐབས་སུ་དེ་དག་གིས་བག་ལེབ་དང་ཆུ་འཁུར་ནས་ཁྱོད་རྣམས་ལ་བསུར་མ་འོངས་པར། མེ་སོ་པོ་ཏ་མི་ཨ་ཡུལ་གྱི་ཕེ་ཐོར་པ་བེ་ཨོར་གྱི་བུ་བ་ལ་ཨམ་ཁྱོད་ལ་དམོད་མོ་འདེབས་སུ་བོས་པའི་ཕྱིར་རོ། ༥ འོན་ཀྱང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་བ་ལ་ཨམ་གྱི་གཏམ་ལ་མ་གསན་ཏེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཁྱོད་ལ་བརྩེ་བར་དགོངས་པས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དམོད་མོ་དེ་བྱིན་རླབས་སུ་བསྒྱུར་བར་མཛད་དོ། ༦ དེ་དག་དང་མཐུན་པ་དང་དེ་དག་གི་དོན་ལ་ལྟ་བར་ཁྱེད་ནམ་འཚོ་བའི་བར་དུ་ནམ་ཡང་མ་བྱེད་ཅིག
༧ ཨེ་དོམ་པ་ནི་ཁྱོད་ཀྱི་སྤུན་ཡིན་པས་དེ་མི་གཙང་བ་ལྟར་རྩི་བར་མི་རུང་། མི་སེར་པ་ཞིག་མི་གཙང་བ་ལྟར་རྩི་བར་མི་རུང་། ཁྱོད་དེའི་ཡུལ་ན་འགྲོན་པོར་གནས་པའི་ཕྱིར་རོ། ༨ དེ་དག་ལས་ཆད་པའི་བུ་ཚ་རབས་གསུམ་པ་ཡ་ཧོ་ཝཱའི་འདུན་མར་འཇུག་པར་རུང་ངོ་༎
༩ ཁྱོད་ཀྱི་ཕ་རོལ་པ་རྣམས་ལ་དམག་འདྲེན་ཅིང་རྒོལ་དུ་འགྲོ་བའི་དུས་སུ་བྱ་བ་ངན་པ་གང་ལས་ཀྱང་སྲུང་ཞིག
༡༠ གལ་ཏེ་མཚན་མོ་ལ་མི་གཙང་བར་འགྱུར་བའི་རྐྱེན་གྱིས་མི་གཙང་བའི་མི་ཞིག་ཁྱེད་ཀྱི་ནང་ན་ཡོད་ན། དམག་སྒར་གྱི་ཕྱི་རོལ་ཏུ་སོང་ནས་དམག་སྒར་གྱི་ནང་དུ་འགྲོ་བར་མི་བྱའོ། ༡༡ དགོངས་མོའི་དུས་སུ་མི་དེ་རང་གི་ལུས་ཆུས་ཁྲུས་པ་དང་། ཉི་མ་ནུབ་ནས་དམག་སྒར་དུ་ཕྱིར་ལོག་པའི་རིགས་སོ༎
༡༢ ཁྱོད་ལ་དམག་སྒར་གྱི་ཕྱི་རོལ་ན་གནས་ཤིག་ཡོད་དེ། དེར་ཕྱི་རོལ་དུ་འགྲོ་བར་དགོས། ༡༣ མཚོན་ཆའི་སྟེང་དུ་ཁྱོད་ལ་ཁྱེམ་ཆུང་ཞིག་ཡོད་དེ། ཕྱི་རོལ་དུ་འགྲོ་སྐབས་སུ་དེས་ས་བྲུས་ལ་ཁྱོད་ལས་བྱུང་བའི་བྲུན་ཁོབ་ཅིག ༡༤ གང་ལ་ཟེར་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་སྒར་གྱི་དཀྱིལ་ན་གཤེགས་ཤིང་ཁྱོད་ལ་སྐྱབས་མཛད་པ་དང་ཁྱོད་ཀྱི་མདུན་དུ་ཕ་རོལ་པ་རྣམས་འཕམ་པར་མཛད་པར་དགོས་པས། ཁོང་གིས་རྫས་མི་གཙང་བ་གང་ཡང་མི་གཟིགས་པ་དང་ཁྱོད་འདོར་བར་མཛད་ཀྱིས་དོགས་པས། ཁྱོད་ཀྱི་དམག་སྒར་དམ་པར་འགྱུར་བར་དགོས་པའི་ཕྱིར་རོ༎
༡༥ རང་གི་བདག་པོ་ནས་ཁྱོད་ཀྱི་དྲུང་དུ་ཤོར་བའི་བྲན་པོ་བདག་པོ་ལ་ཕྱིར་མ་གཏོང་། ༡༦ ཁྱོད་དང་འགྲོགས་ཏེ་ཁྱོད་ཀྱི་དཀྱིལ་ན་ཁྱོད་ཀྱི་སྒོ་ཁང་རྣམས་ལ་འདམས་པར་འགྱུར་བའི་གནས་གང་དགའ་བར་གནས་པར་ཆོག་སྟེ་ཁྱོད་ཀྱིས་དེ་མ་ནོན་ཞིག
༡༧ ཨིས་ར་ཨེལ་གྱི་བུ་མོ་རྣམས་ལས་སྨད་འཚོང་མ་དང་ཨིས་ར་ཨེལ་གྱི་བུ་རྣམས་ལས་ཕོ་ལ་སྤྱོད་པ་སུ་ཡང་ཡོད་པར་མི་དགོས། ༡༨ སྨད་འཚོང་མའི་གླའམ་ཁྱིའི་རིན་དམ་བཅས་པ་འཇལ་བའི་ཕྱིར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་མཆོད་ཁང་དུ་འཁྱེར་བར་མི་དགོས་སོ། ཅི་ལ་ཟེར་ན། དེ་གཉིས་ཀ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་རྫས་མི་གཙང་བ་ཡིན་པའི་ཕྱིར་རོ༎
༡༩ ཁྱོད་ཀྱི་སྤུན་ནས་ཁེ་སྤོགས་ལེན་དུ་མི་རུང་ངོ་། སྤོགས་གང་ཞེ་ན། དངུལ་དང་འཚོ་རྫས་དང་སྤོགས་བྱེད་པའི་རྫས་གང་ཡང་ཡོད་པའི་སྤོགས་སོ། ༢༠ ཕྱི་མི་ཞིག་ནས་ཁེ་སྤོགས་ལེན་དུ་རུང་གི། སྤུན་ནས་ཁེ་སྤོགས་ལེན་དུ་མི་རུང་ངོ་། གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་བདག་ཏུ་འཛིན་པར་འགྲོ་བའི་ཡུལ་ན་ཁྱོད་ཀྱི་ལག་པས་རྫས་གང་ལ་རེག་པ་ལ་བྱིན་རླབས་མཛད་པའི་ཕྱིར་རོ༎
༢༡ ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་དམ་བཅའ་ཞིག་བླང་བའི་ཚེ་དེ་སྒྲུབ་ཏུ་ལེ་ལོ་མ་བྱེད། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ངེས་པར་ཁྱོད་ལས་དེ་འཚོལ་ཡོང་བས། ཁྱོད་ཉེས་པ་ཅན་རྩི་བར་འགྱུར། ༢༢ ཇི་སྟེ་དམ་བཅའ་མ་བླངས་ན། ཁྱོད་ལ་སྡིག་པ་ཡོང་ཉེན་མེད་དོ། ༢༣ རང་གི་ཁ་ནས་བྱུང་བའི་ཁས་ལེན་པ་སྲུང་ཞིང་དེ་བཞིན་དུ་བྱེད་པར་དགོས། ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་རང་དགར་འབུལ་དུ་དམ་བཅས་པ་བཞིན་དུ་རང་གི་ཁས་བླངས་པ་སྲུང་ཞིག