༢༢
ཁྱོད་ཀྱི་སྤུན་གྱི་བ་གླང་ངམ་ལུག་འཁྱར་བར་མཐོང་ན་དེ་མ་མཐོང་བ་ལྟར་མ་བྱེད་པར། སྤུན་གྱི་མདུན་དུ་ཅིས་ཀྱང་ཕྱིར་འཁྲིད་པར་དགོས།  ཡང་སྤུན་དེ་ཁྱོད་དང་ཐག་ཉེ་བ་མེད་པའམ། ཁྱོད་ཀྱིས་དེ་ངོ་མི་ཤེས་ན། ཁྱོད་རང་གི་ཁང་པར་ཁྲིད་ལ་སྤུན་གྱིས་མ་བཙལ་བའི་བར་དུ་ཁྱོད་ཀྱི་རྩར་བཞག་ནས་དེ་ལ་ཕྱིར་གཏོང་བར་དགོས།  དེ་བཞིན་དུ་དེའི་བོང་བུ་དང་། དེ་བཞིན་དུ་དེའི་གོས་དང་། དེ་བཞིན་དུ་སྤུན་གྱི་རྫས་སྟོར་བ་གང་ཡིན་པ་ཟེར་ན། དེ་ལས་སྟོར་ནས་ཁྱོད་ཀྱིས་ཐོབ་པ་རྣམས་ལ་དེ་ལྟར་བྱེད་པར་དགོས། དེ་མ་མཐོང་བ་ལྟར་དུ་བྱེད་དུ་མི་རུང་ངོ་།  ཁྱོད་ཀྱིས་སྤུན་གྱི་བོང་བུའམ་བ་གླང་ལམ་དུ་འགྱེལ་བར་མཐོང་ནས། དེ་མི་མཐོང་བ་ལྟར་མ་བྱེད་ཀྱི་སློང་བའི་ཕྱིར་དེ་ལ་ཅིས་ཀྱང་རོགས་བྱེད་དགོས།
 བུད་མེད་ཅིག་གིས་སྐྱེས་པའི་ཆས་སམ། སྐྱེས་པས་བུད་མེད་ཀྱི་གོས་གོན་པར་མི་རུང་ངོ་། ཅི་ལ་ཟེར་ན། དེ་ལྟར་བྱེད་པ་གང་ཡང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་སྤྱན་སྔར་མི་གཙང་བ་ཡིན་པའི་ཕྱིར་རོ༎
 ཁྱོད་ཀྱི་ལམ་ལ་བྱའི་ཚང་ཤིང་ངམ་ས་ལ་ཡོད་པ་ཞིག་ཐོབ་སྟེ། བྱ་ཕྲུག་གམ་སྒོ་ང་དང་། བྱ་ཕྲུག་གམ་སྒོ་ངའི་སྟེང་དུ་འགབ་པའི་བྱ་མོ་དེར་ཡོད་ན།  བྱ་ཕྲུག་བྱ་མོ་དང་ལྷན་ཅིག་ཏུ་མ་ཁྱེར་ལ། བྱ་མོ་ཕུད་བཏང་ནས་བྱ་ཕྲུག་རྣམས་འཁྱེར་ན་ཆོག ཁྱོད་བདེ་བར་གནས་ཤིང་ཚེ་རིང་པོར་འཚོ་བར་འགྱུར་རོ༎
 ཁྱོད་ཀྱིས་ཁང་པ་སོ་མ་ཞིག་རྩིག་ན། ཐོག་གི་མཐའ་མ་རུ་རྟ་རྒྱབ་ཅིག་བྱེད་པར་དགོས། དེ་ཅིའི་ཕྱིར་ཞེ་ན། མི་ཞིག་ཐོག་ནས་མི་ལྟུང་ཞིང་ཁྱོད་ཀྱི་ཁང་པ་ལ་མི་ཤ་མི་འཕོག་པའི་ཕྱིར་རོ༎
 ཁྱོད་ཀྱི་རྒུན་ཚལ་ལ་ས་བོན་གྱི་རིགས་སོ་སོ་འདྲེས་པར་འདེབས་པར་མི་རུང་། ཅི་སྟེ་འདེབས་ན་ཁྱོད་ཀྱིས་བཏབ་པའི་ས་བོན་གྱི་འབྲས་བུ་དང་རྒུན་ཚལ་གྱི་འབྲས་བུ་གཉིས་ཀ་བསྡམ་པར་བྱེད་པར་འགྱུར་རོ། ༡༠ བ་གླང་དང་འགྲོགས་ཏེ་བོང་བུས་རྨོ་བར་མི་རུང་ངོ་། ༡༡ རྒྱུ་སྤུན་སོ་སོ་གཉིས་ཟེར་ན། བལ་དང་རས་ཀྱི་རྒྱུ་སྤུན་གཉིས་བསྲེས་ནས་བཅོས་པའི་གོས་མ་གོན།
༡༢ ཁྱོད་ཀྱིས་གོན་པའི་བླ་གབ་ཀྱི་གྲུ་བཞི་རུ་ཁ་ཚར་རྣམས་བྱོས་ཤིག
༡༣ གལ་ཏེ་མི་ཞིག་གིས་བུ་མོ་ཞིག་བག་མར་བླངས་ནས་དེ་དང་འགྲོགས་པ་དང་། རྗེས་སུ་སྡང་བས། ༡༤ ལས་ངན་ཞིག་དེ་ལ་འགེལ་ཏེ། དེ་ནི་བུ་མོ་དེ་བླངས་ཤིང་དེ་དང་འགྲོགས་སྐབས་སུ་བུ་མོ་གཙང་མ་མ་ཡིན་པར་རྟོགས་སོ་ཞེས་སྙད་འཛུགས་ཤིང་དེའི་མིང་ངན་པར་བྱེད་ན། ༡༥ བག་མའི་ཕ་མ་གཉིས་ཀྱིས་བག་མ་ནི་བུ་མོ་གཙང་མ་ཡིན་པའི་རྟགས་གྲོང་ཁྱེར་གྱི་རྒད་པོ་རྣམས་ཀྱི་མདུན་དུ་སྒོ་ཁང་དུ་འཁྱེར་འོངས་ནས། ༡༦ བག་མའི་ཕས་རྒན་པོ་རྣམས་ལ། ངའི་བུ་མོ་མི་འདི་ལ་བག་མར་བཏང་ནས། དེས་མོ་ལ་རྗེས་སུ་སྡང་བས། ༡༧ ད་ལས་ངན་འགེལ་ཞིང་ཁྱོད་ཀྱི་བུ་མོ་གཙང་མ་མ་ཡིན་པར་རྟོགས་སོ་ཞེས་སྙད་བཙུག་པས། ངའི་བུ་མོ་ནི་གཙང་མ་ཡིན་པའི་རྟགས་འདིར་ཡོད་ཅེས་ཟེར་བས། གྲོང་ཁྱེར་གྱི་རྒན་པོ་རྣམས་ཀྱི་མདུན་དུ་གོས་རྣམས་འདིང་དགོས་སོ། ༡༨ ཡང་གྲོང་ཁྱེར་དེའི་རྒན་པོ་རྣམས་ཀྱིས་མི་དེ་ཁྱེར་ནས་འཇུན་པ་དང་། ༡༩ དངུལ་བརྒྱ་ཙམ་དེ་ལ་ཆད་པ་བཀལ་ནས། ཨིས་ར་ཨེལ་གྱི་བུ་མོ་ཞིག་གི་མིང་ངན་པ་བྱས་པས། དངུལ་དེ་བག་མའི་ཕ་ལ་གཏོང་བར་དགོས། ཡང་བུ་མོ་དེ་མི་དེའི་ཆུང་མ་ཡིན་ཏེ། ནམ་འཚོ་བའི་བར་དུ་འཕྲལ་བར་མི་བྱའོ། ༢༠ འོན་ཀྱང་གཏམ་དེ་བདེན་པས། བག་མའི་ནང་ན་བུ་མོ་གཙང་མའི་རྟགས་མ་ཐོབ་ན། ༢༡ བག་མ་ཕའི་ཁང་པའི་སྒོའི་ཕྱི་རོལ་ཏུ་ཁྲིད་ནས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་མོ་རྡོ་རུབ་ལ་བཏང་སྟེ་གསོད་པར་དགོས། ཅི་ལ་ཞེ་ན། མོ་དེས་ཕའི་ཁང་པ་ལ་སྨད་འཚོང་མ་བྱས་ཏེ་ཨིས་ར་ཨེལ་གྱི་དཀྱིལ་ན་ལས་གླེན་པ་ཞིག་སྤྱད་པའི་ཕྱིར་རོ། དེ་ལྟར་ཁྱེད་ཀྱི་ནང་ལས་ངན་པ་མེད་པར་བྱེད་དགོས་སོ༎
༢༢ གལ་ཏེ་མི་ཞིག་གིས་ཁྱོའི་ཆུང་མ་ཡིན་པའི་བུད་མེད་ཅིག་དང་འཁྲིག་པ་བྱེད་པ་རྙེད་པ་ན། བུད་མེད་དང་འཁྲིག་པ་བྱེད་པའི་མི་དང་བུད་མེད་དེ་གཉིས་ཀ་འཆི་བར་དགོས། དེ་ལྟར་ཨིས་ར་ཨེལ་ལས་ངན་པ་སེལ་བར་རུང་ངོ་༎
༢༣ གལ་ཏེ་བུ་མོ་གཙང་མ་ཞིག་མི་ཞིག་གི་བག་མར་གྱུར་པ་ཐག་ཆོད་ནས། མོ་དེ་གྲོང་ཁྱེར་གྱི་སྐྱེས་པ་ཞིག་ཕྲད་ནས་དེ་དང་འཁྲིག་པ་བྱེད་ན། ༢༤ གཉིས་ཀ་གྲོང་ཁྱེར་དེའི་རྒྱ་སྒོའི་ཕྱི་རོལ་ཏུ་ཁྲིད་ལ་རྡོ་རུབ་ལ་བཏང་སྟེ་སོད་ཅིག བུ་མོ་ནི་གྲོང་ཁྱེར་ན་ཡོད་ཀྱང་ཀུ་སྒྲ་མ་བཏང་བ་དང་། སྐྱེས་པ་ནི་ཁྱིམ་མཚེས་པའི་བག་མ་སྨད་པར་བྱས་པའི་ཕྱིར་རོ། དེ་ལྟར་ཁྱོད་ཀྱི་དཀྱིལ་ནས་ངན་པ་སེལ་བར་དགོས་སོ༎
༢༥ འོན་ཀྱང་མི་ཞིག་ཞིང་ན་བག་མ་ཡིན་པའི་བུ་མོ་ཞིག་དང་ཕྲད་ནས། ནན་གྱིས་བཟུང་ཞིང་དེ་དང་འགྲོགས་ན། མོ་དང་འགྲོགས་པའི་མི་དེ་གཅིག་པོ་འཆིའོ། ༢༦ བུ་མོ་ལ་གསོད་པ་ལ་ཐུག་པའི་ཉེས་པ་མ་ཡིན་པས་དེ་ལ་ཅིའང་མ་བྱེད་ཅིག མི་ཞིག་གིས་ཁྱིམ་མཚེས་ཀྱི་སྲོག་གཅོད་པའི་ཕྱིར་བླང་བ་དང་འདྲ་བར་བྱ་བ་འདི་ཡང་ཡིན་ནོ། ༢༧ མི་དེ་ཞིང་ལ་མོ་དང་ཕྲད་ནས། བག་མ་ཡིན་པ་དེས་ཀུ་སྒྲ་བཏང་ཡང་རོགས་བྱེད་པ་སུ་ཡང་མ་བྱུང་བ་ཡིན།
༢༨ མི་ཞིག་བག་མར་མ་གྱུར་པའི་བུ་མོ་གཙང་མ་ཡིན་པ་དང་ཕྲད་པ་དང་། བཟུང་ནས་དེ་དང་ཉལ་བ་ཐོབ་ན། ༢༩ འགྲོགས་པར་བྱས་པའི་མིས་བུ་མོའི་ཕ་ལ་དངུལ་ལྔ་བཅུ་འཇལ་བ་དང་། མོ་སྨད་པར་བྱས་པའི་ཕྱིར་བག་མར་ལེན་པར་དགོས་ཏེ། ནམ་འཚོ་བའི་བར་དུ་འཕྲལ་བར་མི་རུང་ངོ་༎
༣༠ མི་ཞིག་གིས་ཕའི་ཆུང་མ་བག་མར་འཁྱེར་བའམ། ཕའི་ཐུ་བ་སློག་པར་མི་རུང་ངོ་༎