༢༡
ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བདག་ཏུ་འཛིན་པར་གནང་བའི་ཡུལ་ན་གལ་ཏེ་བསད་པའི་མི་ཞིག་གི་རོ་ཐང་ལ་ཡོད་པ་ཞིག་རྙེད་ནས་སུས་དེ་བསད་པ་ཡིན་གཏོལ་མེད་ན།  ཁྱོད་ཀྱི་རྒད་པོ་རྣམས་དང་ཞལ་ཆེ་བ་རྣམས་མདུན་དུ་འོངས་ནས། བསད་པའི་རོ་ཡོད་པའི་གནས་ནས་ཉེ་འཁོར་ལ་ཡོད་པའི་གྲོང་ཁྱེར་རྣམས་ཀྱི་རྒྱང་རིང་ཐུང་གི་ཚོད་ལེན་པར་དགོས།  ཡང་བསད་པའི་མི་དང་ཉེ་བའི་གྲོང་ཁྱེར་གྱི་རྒན་པོ་རྣམས་ཀྱིས་བེའུ་མོ་ལས་ཀ་ནམ་ཡང་མ་བྱས་པ། གཉའ་ཤིང་ནམ་ཡང་མ་འཁུར་བ་ཞིག་འཁྱེར་འོང་བ་དང་།  གྲོང་ཁྱེར་དེའི་རྒད་པོ་རྣམས་ཀྱིས་བེའུ་མོ་དེ་ནམ་ཡང་མ་རྨོས་པ་ས་བོན་ནམ་ཡང་མ་བཏབ་པའི་གནས་སུ་གྲོག་པོའི་འགྲམ་དུ་ཁྲིད་ནས། གྲོག་པོ་དེ་རུ་བེའུ་མོའི་སྐེ་འབྲེག་པར་དགོས།  ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ལེ་ཝི་པས་རང་གི་ཞབས་ཏོག་བྱེད་པ་དང་། ཡ་ཧོ་ཝཱའི་མཚན་གྱི་ངང་ན་བྱིན་རླབས་བྱེད་པ་དང་། རྩོད་པ་དང་རྡུང་བའི་རྒྱུ་ཐམས་ཅད་ཀྱི་ཕྱིར་དེ་དག་གི་ཁས་ཐག་གཅོད་པར་འདམས་པར་མཛད་པས། བླ་མ་དང་ལེ་ཝི་ཡི་བུ་རྣམས་དྲུང་དུ་འོང་སྟེ།  བསད་པའི་མི་དང་ཉེ་བའི་གྲོང་ཁྱེར་གྱི་རྒན་པོ་ཐམས་ཅད་ཀྱིས་གྲོག་པོ་ལ་སྐེ་བྲེགས་པའི་བེའུ་མོའི་གོང་དུ་ལག་པ་ཁྲུས་ནས།  ལན་འདེབས་ཤིང་འདི་སྐད་དུ། ངེད་ཀྱི་ལག་གིས་ཁྲག་འདི་མ་བླུགས། ངེད་ཀྱི་མིག་གིས་བྱ་བ་དེ་མ་མཐོང་བས།  ཀྱེ་ཡ་ཧོ་ཝཱ་ཁྱེད་ཀྱིས་བསྒྲལ་བར་མཛད་པའི་ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་ཐུགས་བརྩེ་བར་དགོངས་ཤིག ནོངས་མེད་པའི་ཁྲག་གི་ཁག་ཨིས་ར་ཨེལ་གྱི་མི་བརྒྱུད་ལ་འགེལ་བར་མ་མཛད་ཅིག་ཅེས་ཞུས་ནས། ཁྲག་དེའི་ལན་དེ་དག་ལས་སེལ་བར་འགྱུར་རོ།  དེ་བཞིན་དུ་ཁྱོད་ཀྱིས་ཡ་ཧོ་ཝཱའི་ཞལ་ངོར་རིགས་པ་གང་ཡིན་པ་བྱེད་ན། ཁྱེད་ཀྱི་དཀྱིལ་ནས་ནོངས་མེད་པའི་ཁྲག་གི་ལན་སེལ་བར་རུང་ངོ་༎
༡༠ ཁྱོད་ཀྱིས་ཕ་རོལ་པ་ལ་དམག་འདྲེན་དུ་འགྲོ་བའི་ཚེ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དེ་དག་ཁྱོད་ཀྱི་ལག་ཏུ་གནང་བས། གལ་ཏེ་དེ་དག་ལས་འགའ་ཞིག་བཙོན་དུ་འཁྱེར་བ་དང་། ༡༡ བཙོན་པའི་ཁྲོད་དུ་བུ་མོ་མཛེས་མ་ཞིག་མཐོང་ནས་བག་མར་ལེན་དུ་འདོད་ན། ༡༢ ཁྱོད་ཀྱི་ཁང་པའི་ནང་དུ་ཁྲིད་ལ་མོ་དེས་རང་གི་མགོའི་སྐྲ་འབྲེགས་པ་དང་། སེན་མོ་གཅོད་པ་དང་། ༡༣ བཙོན་པའི་གོས་ཕུད་ནས་ཟླ་བ་ཧྲིལ་པོ་གཅིག་ཕ་མའི་ཕྱིར་མྱ་ངན་བྱེད་དུ་ཁྱོད་ཀྱི་ཁང་པར་སྡོད་པར་དགོས། དེའི་རྗེས་ལ་ཁྱོད་དེ་དང་འགྲོགས་ཏེ་ཁྱོད་དེའི་ཁྱོ་དང་། མོ་ཁྱོད་ཀྱི་ཆུང་མ་བྱེད་པའི་རིགས་སོ། ༡༤ ཡང་གལ་ཏེ་ཁྱོད་དེ་ལ་སྡུག་པར་མི་འཛིན་ན། གར་དགའ་བར་འགྲོར་འཇུག་ཀྱང་། ཁྱོད་ཀྱིས་མོའི་དམའ་ཕབ་པས་དངུལ་གྱི་ཕྱིར་འཚོང་བའམ། ཚེ་གཡོག་མོ་ལྟར་དེ་ལ་མ་བྱེད་ཅིག
༡༥ མི་ཞིག་ལ་ཆུང་མ་གཉིས་ཡོད་དེ། གཅིག་ནི་གཅེས་པ་དང་གཅིག་ནི་གཅེས་པ་མིན་པ་ཡོད་དེ། གཅེས་པ་དང་གཅེས་པ་མིན་པ་གཉིས་ནས་བུ་ཕྲུག་སྐྱེས་ན། གལ་ཏེ་བུ་སྔོན་སྐྱེས་གཅེས་པ་མ་ཡིན་པ་ལ་སྐྱེ་ན། ༡༦ མི་དེས་རང་གི་ནོར་རྣམས་ལ་བདག་ཏུ་གཏོང་སྐབས་སུ་གཅེས་པ་མིན་པའི་བུ་སྔོན་སྐྱེས་ཀྱི་ཚབ་ཏུ་གཅེས་པའི་བུ་ལ་སྔོན་སྐྱེས་པ་ལྟར་བྱེད་དུ་མི་རུང་། ༡༧ གཅེས་པ་མ་ཡིན་པའི་བུ་ལ་རང་གི་ནོར་ལས་སྐལ་བ་ཉིས་ལྡབ་གཏོང་བའི་སྒོ་ནས་འདི་ནི་སྔོན་སྐྱེས་ཡིན་ཞེས་སྟོན་པར་དགོས། ཅི་ལ་ཞེ་ན། དེ་ནི་མི་དེའི་ཤ་ཁྲག་བཅུད་ཀྱི་ཕུད་ཡིན་ཏེ་སྔོན་སྐྱེས་ཀྱི་ཐོབ་སྐལ་དེའི་ཡིན་པའི་ཕྱིར་རོ༎
༡༨ མི་ཞིག་གི་བུ་ནི་གྱོང་པོ་ངོ་ལོག་བྱེད་པ། ཕའི་ཁའམ་མའི་ཁ་ལ་མི་ཉན་པ་དང་། དེ་དག་གིས་འཇུན་ནའང་ཁ་ལ་མི་ཉན་པ་ཞིག་ཡིན་ན། ༡༩ ཕ་དང་མས་བུ་དེ་བཟུང་ནས་རང་གི་གྲོང་ཁྱེར་གྱི་རྒན་པོ་རྣམས་ཀྱི་དྲུང་དུ་གནས་དེའི་སྒོ་ཁང་དུ་འཁྲིད་དེ། ༢༠ གྲོང་ཁྱེར་གྱི་རྒན་པོ་རྣམས་ལ་ངེད་ཀྱི་བུ་འདི་ནི་གྱོང་པོ་ངོ་ལོག་བྱེད་པ་ངེད་ཀྱི་ཁ་ལ་མི་ཉན་པ་ནོར་གོད་ལ་གཏོང་མཁན་ཆང་འཐུང་ཡིན་ཞེས་ཟེར་བར་དགོས། ༢༡ ཡང་གྲོང་ཁྱེར་དེའི་མི་ཐམས་ཅད་ཀྱིས་མི་དེ་རྡོ་རུབ་ལ་བཏང་སྟེ་གསོད་པར་དགོས། དེ་ལྟར་ཁྱོད་ཀྱི་དཀྱིལ་ནས་ངན་པ་མེད་པར་བྱེད་པ་དང་། ཨིས་ར་ཨེལ་ཐམས་ཅད་ཀྱིས་ཐོས་ནས་འཇིགས་པར་འགྱུར་རོ༎
༢༢ ཡང་གལ་ཏེ་མི་ཞིག་གིས་གསོད་པ་ལ་ཐུག་པའི་ཉེས་པ་ཞིག་བྱས་ཡོད་ན། དེ་བསད་ནས་ཤིང་ལ་འཕྱར་བར་དགོས། ༢༣ མཚན་གང་རོ་ཤིང་ལ་མ་འཕྱར་བར་ཉིན་དེ་རང་ལ་ཅིས་ཀྱང་དུར་དུ་འཛུད་པར་དགོས། དེ་གང་ལ་ཞེ་ན། སུ་ཡང་ཤིང་ནས་འཕྱར་པ་དཀོན་མཆོག་གི་ཆད་པའི་འོག་ཏུ་གྱུར་པས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བདག་ཏུ་གནང་བའི་ཡུལ་དེ་ཁྱོད་ཀྱིས་མི་གཙང་བར་མི་བྱེད་པའི་ཕྱིར་རོ༎