༢༠
ཁྱོད་ཀྱི་ཕ་རོལ་པ་རྣམས་ལ་གཡུལ་འགྱེད་དུ་འགྲོ་བའི་རྟ་དང་ཤིང་རྟ་རྣམས་དང་མི་བརྒྱུད་ཁྱོད་རང་ལས་ཆེ་བ་ཞིག་མཐོང་ན་དེ་དག་ལ་མ་འཇིགས་ཤིག ཁྱོད་མི་སེར་ཡུལ་ནས་གྱེན་དུ་ཁྲིད་པའི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཁྱོད་དང་འགྲོགས་སོ། ༢ ཡང་ཁྱོད་ཀྱིས་གཡུལ་འགྱེད་པ་དང་ཉེ་བར་འོང་བའི་ཚེ་བླ་མ་ཚུར་འོངས་ནས་མི་ཚོགས་ལ་གཏམ་བྱེད་པར་དགོས། ༣ དེས་དེ་དག་ལ་འདི་སྐད་དུ། ཀྱེ་ཨིས་ར་ཨེལ་ཉོན་ཞིག ཁྱེད་ཀྱིས་ད་ལྟ་ཕ་རོལ་པ་རྣམས་ལ་དམག་འཐབ་པས། ཁྱེད་ཀྱི་སྙིང་ཆུང་བར་མ་བྱེད་མ་འཇིགས། དེ་དག་ལ་ཉམས་མ་ང་སྟེ་དངང་སྐྲག་མ་སྐྱེད་ཅིག ༤ ཅི་ལ་ཞེ་ན། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཁྱེད་དང་འགྲོགས་ཏེ་གཤེགས་ཤིང་ཁྱེད་ལ་སྐྱབས་མཛད་པའི་ཕྱིར་ཁྱེད་ཀྱི་དོན་དུ་འཐབ་པར་འགྱུར་རོ་ཞེས་སྐུལ་བར་དགོས། ༥ ཡང་འགོ་བྱེད་རྣམས་ཀྱིས་མི་ཚོགས་ལ་འདི་སྐད་དུ། ཁང་པ་གསར་བ་ཞིག་བརྩིགས་ནས་རབ་གནས་མ་བྱས་པའི་མི་སུ་ཡོད། མི་དེ་དམག་འཐབ་པའི་སྐབས་སུ་ཤི་ནས་མི་གཞན་ཞིག་གིས་རབ་གནས་བྱེད་པའང་སྲིད་པས། ཁང་པར་ཕྱིར་ལོག་པར་དགོས། ༦ ཡང་རྒུན་ཚལ་བཙུགས་ནས་དེའི་འབྲས་བུ་མ་ཟོས་པའི་མི་སུ་ཡོད། མི་དེ་དམག་འཐབ་སྐབས་སུ་ཤི་ནས་མི་གཞན་ཞིག་གིས་འབྲས་བུ་ཟ་བའང་སྲིད་པས། ཁང་པར་ཕྱིར་ལོག་པར་དགོས། ༧ ཡང་བག་མ་ཐོབ་ཀྱང་། བཟའ་མི་ད་རུང་མ་བྱས་པའི་མི་སུ་ཡོད། མི་དེ་དམག་འཐབ་སྐབས་སུ་ཤི་ནས་མི་གཞན་ཞིག་གིས་མོ་ཆུང་མར་ལེན་པའང་སྲིད་པས། ཁང་པར་ཕྱིར་ལོག་པར་དགོས་ཤེས་སྨྲ་བར་དགོས། ༨ དེ་ནས་འགོ་བྱེད་རྣམས་ཀྱིས་ཡང་སྐྱར་མི་ཚོགས་ལ་འདི་སྐད་དུ། འཇིགས་ཤིང་ཉམས་ཆུང་བ་སུ་ཡོད་པ། མི་དེ་རང་གི་སྙིང་ཉམས་ཆུང་བ་དང་འདྲ་བར་སྤུན་གྱི་སྙིང་ཡང་ཉམས་ཆུང་བར་མི་བྱེད་པའི་ཕྱིར་ཁང་པར་ཕྱིར་ལོག་པར་དགོས། ༩ དེས་འགོ་བྱེད་རྣམས་ཀྱིས་མི་ཚོགས་ལ་ཟེར་ཚར་ནས། མི་ཚོགས་འཁྲིད་པའི་དམག་དཔོན་རྣམས་འཇོག་པར་བྱའོ༎༡༠ ཁྱོད་ཀྱིས་གྲོང་ཁྱེར་ཞིག་ལ་དམག་འདྲེན་དུ་ཉེ་བར་སླེབ་ན། དེ་དང་བཟང་སྒྲིག་བྱེད་དུ་སྐད་ཐོང་ཞིག ༡༡ ཡང་གལ་ཏེ་བཟང་སྒྲིག་བྱེད་པའི་ལན་འདེབས་ཤིང་སྒོ་རྣམས་འབྱེད་ན། དེ་ལས་རྙེད་པར་འགྱུར་བའི་མི་ཐམས་ཅད་ཀྱིས་ཁྱེད་ལ་དཔྱ་འབུལ་ཞིང་ཁྱོད་ཀྱི་གཡོག་བྱེད་པར་དགོས། ༡༢ ཇི་སྟེ་ཁྱོད་དང་བཟང་སྒྲིག་མ་བྱས་ཏེ་ཁྱོད་ལ་རྒོལ་ན་མཐའ་སྐོར་ཅིག ༡༣ ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་གྲོང་ཁྱེར་དེ་ཁྱོད་ཀྱི་ལག་ཏུ་གནང་ན། ཕོ་གང་ཡིན་པ་རལ་གྲིའི་ཁས་རྡུང་ཞིག ༡༤ བུད་མེད་དང་བྱིས་པ་རྣམས་དང་ལུག་ཕྱུགས་དང་གྲོང་ཁྱེར་ན་ཡོད་པའི་རྫས་ཐམས་ཅད་ལ་སོགས་པའི་བཅོམ་ནོར་བློངས་ལ། ཁྱོད་ཀྱི་ཕ་རོལ་པ་རྣམས་ལས་བླངས་པའི་བཅོམ་ནོར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བ་དེ་ཟོས་ཤིག ༡༥ འདིར་ཡོད་པའི་མི་བརྒྱུད་རྣམས་ཀྱིས་མི་བདོག་པའི་གྲོང་ཁྱེར་ཁྱོད་དང་ཤིན་ཏུ་ས་ཐག་རྒྱང་རིང་བ་རྣམས་ལའང་དེ་བཞིན་དུ་བྱེད་པར་དགོས་ཀྱི། ༡༦ དེར་ཡོད་པའི་མི་བརྒྱུད་རྣམས་ཀྱི་གྲོང་ཁྱེར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བདག་ཏུ་གནང་བ་རྣམས་ལས་ཁྱོད་ཀྱིས་དབུགས་དང་ལྡན་པ་གང་ཡང་གསོན་པོར་ལུས་མ་ཆུག ༡༧ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་བཀའ་གནང་བ་བཞིན་དུ་ཧེད་པ་དང་། ཨ་མོར་པ་དང་། ཀ་ན་ཨན་པ་དང་། ཕེ་རི་ཟི་པ་དང་། ཧི་ཝི་པ་དང་། ཡེ་བུས་པ་རྣམས་ཡོངས་སུ་ཚར་གཅོད་པར་དགོས་སོ། ༡༨ གང་ལ་ཞེ་ན། དེ་དག་གིས་རང་གི་ལྷ་རྣམས་ལ་བྱས་པའི་བྱ་བ་མི་གཙང་བ་ཐམས་ཅད་བཞིན་དུ་ཁྱོད་ཀྱིས་ཀྱང་བྱེད་དུ་བསླབས་ནས། ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་བརྟེན་ནས་སྡིག་པ་བྱེད་ཉེན་ཡོད་པའི་ཕྱིར་རོ༎
༡༩ ཁྱོད་ཀྱིས་ཡུན་རིང་ཞིག་གྲོང་ཁྱེར་ཞིག་གི་མཐའ་བསྐོར་ཏེ་དེ་དབང་གིས་འཁྱེར་བའི་ཕྱིར་དམག་འདྲེན་ན། སྟ་རིས་དེ་ན་ཡོད་པའི་ཤིང་རྣམས་མེད་པར་མ་བྱེད། ཁྱེད་ཀྱིས་དེ་ལས་ཟ་བའང་སྲིད། ཐང་གི་ཤིང་ནི་མིའི་ཡིན་ནམ། དེ་ལ་དམག་གིས་མ་སྐོར། ༢༠ ཁྱོད་ཀྱིས་བཟའ་ཤིང་མིན་པ་ཡིན་པར་ཤེས་པའི་སྐྱེ་ཤིང་འབའ་ཞིག་ཆོད་ཅིག་དང་། དེ་ལས་ཁྱོད་ཀྱིས་རྒོལ་བའི་གྲོང་ཁྱེར་དེ་ཆག་པའི་བར་དུ་སྤེའུ་རྣམས་བཟོ་བར་བྱོས༎