༡༩
ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་མི་བརྒྱུད་རྣམས་མེད་པར་མཛད་ནས། དེའི་ཡུལ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བས། དེ་དག་གི་ཚབ་ཏུ་ཁྱོད་དེ་དག་གི་གྲོང་ཁྱེར་རྣམས་དང་ཁང་པ་རྣམས་ལ་གནས་པའི་དུས་སུ། ༢ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱིས་བདག་ཏུ་འཛིན་པའི་ཕྱིར་གནང་བའི་ཡུལ་གྱི་གཞུང་ལ་གྲོང་ཁྱེར་གསུམ་ཁྱོད་ཀྱི་ཕྱིར་སོ་སོར་འཇོག་ཅིག ༣ རང་གི་ཕྱིར་ལམ་ཤོམ་པ་དང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་ནོར་སྐལ་དུ་གནང་བའི་ཡུལ་འཁོར་དེ་ཁག་གསུམ་དུ་བགོད་པར་དགོས། ཅི་ལ་ཞེ་ན། མི་གསོད་པ་གང་ཡོད་པ་རྣམས་དེ་རུ་འབྲོས་པའི་ཕྱིར་རོ༎༤ ཡང་དེ་རུ་བྲོས་ནས་གསོན་པོར་ཡོད་པའི་མི་བསད་ཀྱི་བྱ་བ་ནི་འདི་ལྟར་རོ། མི་ཞིག་གིས་ཁྱིམ་མཚེས་པ་ལ་སྔར་འཁོན་མེད་དེ་མ་ཤེས་བཞིན་དུ་བསད་པ་ཡིན་ན། ༥ དཔེར་ན་མི་ཞིག་གིས་ཁྱིམ་མཚེས་པ་དང་འགྲོགས་ཏེ་ཤིང་གཅོད་དུ་ནགས་སུ་སོང་ནས། སྟ་རིས་ཤིང་གཅོད་སྐབས་སུ་ལག་པ་འདེགས་པ་ལས། སྟ་རི་ཡུ་བ་ལས་ཤོར་ནས་ཁྱིམ་མཚེས་པ་ལ་ཕོག་པས་འཆི་བའི་དཔེ་བཞིན་དུ་མི་དེ་གྲོང་ཁྱེར་དེ་རྣམས་ལས་གཅིག་ཏུ་འབྲོས་ཏེ་གསོན་པོར་ལུས་དགོས། ༦ ཇི་སྟེ་འབྲོས་ས་མེད་ན། དེས་སྔར་འཁོན་སེམས་མ་བསྐྱེད་པས་འཆི་འོས་པའི་ལས་མ་བྱས་ཀྱང་། ཁྲག་ལན་ལེན་པས་ཞེ་སྡང་སྐྱེད་པའི་བར་དུ་མི་གསོད་དེའི་རྗེས་སུ་འདེད་དེ། ལམ་རྒྱང་རིང་བ་ཞིག་ཡོད་པས་དེ་དང་ཕྲད་ནས་སྲོག་གཅོད་པའང་སྲིད་དོ། ༧ དེ་བས་ན་ངས་ཁྱོད་ལ་གྲོང་ཁྱེར་གསུམ་ཁྱོད་ཀྱི་ཕྱིར་ཕྱེས་ཤིག་གསུངས་པ་ཡིན། ༨ ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ཕ་མེས་རྣམས་ལ་དབུ་མནའ་བཞེས་པ་བཞིན་དུ་ཁྱོད་ཀྱི་ས་མཚམས་སྐྱེད་པར་མཛད་དེ། ཕ་མེས་ལ་ཞལ་བཞེས་མཛད་པ་བཞིན་དུ་ཡུལ་དེ་ཐམས་ཅད་ཁྱོད་ལ་གནང་སྟེ། ༩ གལ་ཏེ་ངས་དེ་རིང་གི་ཞག་ལ་ཁྱོད་ལ་བསྟན་པའི་བཀའ་ཐམས་ཅད་སྲུང་ཞིང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་གཅེས་པར་འཛིན་ཞིང་ཁོང་གི་གཤེགས་ལམ་ཐམས་ཅད་ལ་དུས་རྒྱུན་དུ་འགྲུལ་ན། དེ་ནས་ཁྱོད་ཀྱིས་རང་གི་ཕྱིར་གྲོང་ཁྱེར་གསུམ་དེ་མ་ཐེ་བར་ཡང་གསུམ་སྣོན་པར་བྱའོ། ༡༠ གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བདག་ཏུ་གནང་བའི་ཡུལ་ན་ནོངས་མེད་པའི་ཁྲག་ཅིག་བླུག་པར་མི་འགྱུར་བར། ཁྲག་གི་ནོངས་པ་ཁྱོད་ལ་མི་འབྱུང་བའི་ཕྱིར་རོ༎
༡༡ འོན་ཀྱང་གལ་ཏེ་མི་ཞིག་གིས་ཁྱིམ་མཚེས་ལ་སྡང་ཞིང་དེ་ལ་སྒུག་ནས་ལང་བ་དང་། འཆི་བའི་བར་དུ་བརྡུང་ནས་བསད་དེ། གྲོང་ཁྱེར་དེ་རྣམས་ལས་གཅིག་གི་ནང་དུ་འབྲོས་ན། ༡༢ མི་དེའི་གྲོང་ཁྱེར་གྱི་རྒན་པོ་རྣམས་ཀྱིས་མི་ཞིག་དེ་རུ་བཏང་ནས་འཛིན་ཞིང་འཁྱེར་བ་དང་། ཁོ་འཆི་བའི་ཕྱིར་ཁྲག་ལན་ལེན་པའི་ལག་ཏུ་གཏོང་བར་དགོས། ༡༣ ཁྱོད་བདེ་བར་གནས་པའི་དོན་དུ་ཁྱོད་ཀྱི་མིག་གིས་སྙིང་རྗེ་སྐྱེད་ཅིང་དེ་ལ་མ་བལྟས་ཏེ་ནོངས་མེད་པའི་ཁྲག་ཨིས་ར་ཨེལ་ནས་སེལ་བར་དགོས་སོ༎
༡༤ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བདག་ཏུ་འཛིན་པའི་ཕྱིར་གནང་བའི་ཡུལ་གྱི་ནང་ན་ཐོབ་སྐལ་དུ་བརྙེད་པའི་ནོར་སྐལ་དེ་ལ་ཕ་མེས་རྣམས་ཀྱིས་བཙུགས་པའི་ས་ཚིགས་རྣམས་ཁྱོད་ཀྱིས་ཕན་ཚུན་སྐྱེད་པར་མི་རུང་ངོ་༎
༡༥ ཉེས་པའམ་སྡིག་པ་གང་ཡང་བྱས་པའི་མིས་སྡིག་པ་བྱས་པའི་དོན་དུ་དཔང་པོ་གཅིག་ལང་བས་མི་འགྲིག དཔང་པོ་གཉིས་སམ་གསུམ་གྱི་ཁ་ལས་བྱ་བ་དེ་དག་བྱེད་དགོས། ༡༦ གལ་ཏེ་མི་གང་ལ་ཡང་རྫུན་གྱི་དཔང་པོ་ཞིག་འབྱུང་སྟེ་མི་དེས་ངོ་ལོག་བྱས་སོ་ཞེས་དཔང་པོ་བྱེད་ན། ༡༧ དུས་དེ་ལ་འོང་བར་འགྱུར་བའི་བླ་མ་དང་ཞལ་ཆེ་བའི་དྲུང་དུ་རྩོད་པ་བྱེད་མི་དེ་གཉིས་ཡ་ཧོ་ཝཱའི་སྤྱན་སྔར་བྱུང་ནས། ༡༨ ཞལ་ཆེ་བ་རྣམས་ཀྱིས་ཞིབ་ཏུ་རྟོག་པར་དགོས། ཡང་གལ་ཏེ་དེ་དག་གིས་ཀྱེ་ཧོ་མི་དེ་ནི་རྫུན་གྱི་དཔང་པོ་ཡིན་ཞིང་སྤུན་ལ་བཀལ་བའི་སྐྱོན་དེ་རྫུན་ཡིན་ཞེས་རྟོགས་ན། ༡༩ མི་དེས་སྤུན་ལ་བྱེད་པར་བསམས་པ་དང་འདྲ་བར་དེ་ལ་བྱོས་ཤིག་དང་། ཁྱོད་ཀྱི་དཀྱིལ་ནས་ངན་པ་མེད་པར་བྱོས་ཤིག ༢༠ དེ་ལྟར་བྱེད་ན། གཞན་མ་རྣམས་ཀྱིས་ཀྱང་ཐོས་ཏེ་འཇིགས་པར་འགྱུར་ཏེ། ཁྱེད་ཀྱི་ཁྲོད་དུ་དེ་ལྟ་བུའི་གཏམ་ངན་བྱེད་འཕྲོ་གཅོད་པར་འགྱུར་རོ། ༢༡ ཁྱོད་ཀྱི་མིག་གིས་སྙིང་རྗེ་མི་སྐྱེད་ཅིང་སྲོག་ལ་སྲོག་ལན། མིག་ལ་མིག་ལན། སོ་ལ་སོ་ལན། ལག་ལ་ལག་ལན། རྐང་པ་ལ་རྐང་ལན་འཇལ་བར་རུང་ངོ་༎