༡༨
བླ་མ་བྱེད་པའི་ལེ་ཝི་པ་རྣམས་དང་ལེ་ཝི་ཡི་སྡེ་ཐམས་ཅད་ལ་ཨིས་ར་ཨེལ་དང་ལྷན་ཅིག་ཏུ་བགོ་སྐལ་དང་ནོར་སྐལ་ཐོབ་པར་མི་འགྱུར་བས། ཡ་ཧོ་ཝཱ་ལ་ཕུལ་བའི་སྦྱིན་སྲེག་རྣམས་དང་ཁོང་གི་ནོར་སྐལ་ཟ་བར་དགོས།  དེ་བས་ན་དེ་དག་གི་སྤུན་རྣམས་ཀྱི་ནང་ན་ནོར་སྐལ་མ་ཐོབ་སྟེ། ཡ་ཧོ་ཝཱས་དེ་དག་ལ་གསུངས་པ་བཞིན་དུ་ཁོང་ནི་དེ་དག་གི་ནོར་སྐལ་ཡིན་ནོ།  ཡང་མི་རྣམས་ལས་གཅིག་གིས་བ་གླང་ངམ་ལུག་མཆོད་པར་འབུལ་སྐབས་སུ་བླ་མའི་ཐོབ་སྐལ་ནི། དེ་དག་གིས་བླ་མ་ལ་སོག་པ་དང་འགྲམ་པ་གཉིས་དང་གྲོད་པ་གཏོང་བར་དགོས།  ཡང་ཁྱོད་ཀྱི་འབྲུ་དང་རྒུན་ཆང་དང་འབྲུ་མར་དང་ལུག་གི་བལ་འབྲེག་པའི་ཕུད་དེ་དག་ལ་གཏོང་བར་དགོས།  གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དེ་དང་དེའི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་མཚན་ནང་རྟག་ཏུ་ཞབས་ཏོག་བྱེད་དུ་འགྲེང་བའི་དོན་དུ་དེའི་སྡེ་ཐམས་ཅད་ཀྱི་ནང་ནས་འདམས་པར་མཛད་པའི་ཕྱིར་རོ༎
 ཡང་གལ་ཏེ་ལེ་ཝི་པ་ཞིག་ཨིས་ར་ཨེལ་ཐམས་ཅད་ན་ཁྱོད་ཀྱི་གྲོང་ཚོ་གང་ལ་ཡང་གནས་པ་དེ་ནས་གདུང་བའི་སེམས་སྐྱེད་དེ་ཡ་ཧོ་ཝཱས་འདམས་པར་མཛད་འོང་བའི་གནས་སུ་འོང་ན།  དེའི་སྤུན་ལེ་ཝི་པ་ཡ་ཧོ་ཝཱའི་སྤྱན་སྔར་འགྲེང་བ་རྣམས་ཀྱིས་དེར་བྱེད་པ་དང་འདྲ་བར་དེས་ཀྱང་ཡ་ཧོ་ཝཱ་དེའི་དཀོན་མཆོག་གི་མཚན་གྱི་ངང་ན་ཞབས་ཏོག་བྱེད་པར་དགོས།  ཕའི་ནོར་སྐལ་འཚོང་བ་ལས་བྱུང་བ་མ་གཏོགས་པར་དེ་དག་ལ་ཟ་རུ་སྐལ་བ་འདྲ་བ་རྙེད་པར་དགོས་སོ༎
 ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་དུ་ཕྱིན་པའི་ཚེ། མི་བརྒྱུད་དེ་རྣམས་ཀྱི་ལས་མི་གཙང་བ་རྣམས་བྱེད་པ་སློབ་པར་མ་བྱེད། ༡༠ ཁྱོད་ཀྱི་ནང་ནས་སུས་ཀྱང་རང་གི་བུའམ་བུ་མོ་མེའི་ནང་སྲུལ་བ་དང་། མངོན་ཤེས་སྟོན་པ་དང་། ནག་རྩིས་པ་སྔགས་པ་དང་། པྲ་མོ་དང་། ༡༡ མཐུ་འདེབས་མཁན་དང་། མི་མ་ཡིན་འགུགས་མཁན་དང་། ངན་སྔགས་མཁན་དང་། གཤིན་འདྲེ་འགུག་མཁན་རྙེད་པར་འགྱུར་བར་མི་རུང་ངོ་། ༡༢ བྱ་བ་དེ་དག་བྱེད་པ་གང་ཡང་ཡ་ཧོ་ཝཱའི་སྤྱན་སྔར་མི་གཙང་བའི་མི་ཡིན་པས། བྱ་བ་མི་གཙང་བ་དེ་དག་གི་ཕྱིར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དེ་རྣམས་ཁྱོད་ཀྱི་མདུན་ནས་སྐྲོད་པར་མཛད་དོ། ༡༣ ཁྱོད་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱོགས་སུ་ཡོངས་སུ་ཆོས་དྲང་པོ་ཡོད་པར་དགོས།
༡༤ ཁྱོད་ཀྱིས་བདག་ཏུ་འཛིན་པའི་མི་བརྒྱུད་རྣམས་ཀྱིས་ནག་རྩིས་པ་དང་མངོན་ཤེས་སྟོན་པ་རྣམས་ལ་ཉན་ཀྱང་། ཁྱོད་ལ་དེ་བཞིན་དུ་བྱེད་པར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་མ་གནང་ངོ་། ༡༥ ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ཕྱིར་ང་དང་འདྲ་བའི་ལུང་སྟོན་པ་ཞིག་ཁྱོད་ཞེ་ན་ཁྱོད་ཀྱི་སྤུན་རྣམས་ཀྱི་ཁྲོད་ལས་འདོན་པར་འགྱུར། ཁོང་ལ་ཉན་པར་དགོས། ༡༦ ཁྱོད་ཀྱིས་རི་ཧོ་རེབ་ལ་འདུན་མའི་ཉིན་པར་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ། ང་མི་འཆི་བའི་ཕྱིར་ད་རུང་ཡང་ཡ་ཧོ་ཝཱ་ངའི་དཀོན་མཆོག་གི་གསུང་ཐོས་པ་དང་། མེ་ཆེན་པོ་དེ་མཐོང་དུ་མ་འཇུག་ཅིག་ཅེས་ཞུས་པ་ཐམས་ཅད་བཞིན་དུ། ༡༧ ཡ་ཧོ་ཝཱས་ང་ལ་དེ་དག་གིས་ཟེར་བའི་ཚིག་རྣམས་ལེགས་པར་སྨྲས་སོ། ༡༨ ངས་དེ་དག་གི་ཕྱིར་ཁྱོད་དང་འདྲ་བའི་ལུང་སྟོན་པ་ཞིག་དེ་དག་གི་སྤུན་གྱི་ནང་ནས་བསླང་བར་བྱ་བ་དང་། ངས་དེའི་ཁའི་ནང་དུ་ངའི་ཚིག་རྣམས་བཞག་ནས། ངས་དེ་ལ་བསྟན་པ་ཐམས་ཅད་དེ་དག་ལ་སྟོན་པར་འགྱུར་རོ། ༡༩ ཡང་ངའི་བཀའ་ནི་དེས་ངའི་མིང་གི་ངང་ན་སྟོན་པར་འགྱུར་བ་རྣམས་ལ་གལ་ཏེ་མི་ཞིག་གིས་མི་ཉན་ན། ངས་མི་དེ་ལས་ལན་ལེན་པར་བྱའོ། ༢༠ འོན་ཀྱང་ལུང་སྟོན་པ་ཞིག་གིས་ངས་དེ་ལ་གཏམ་ཞིག་སྟོན་པར་མ་བསྒོ་ཡང་། ངའི་མིང་གི་ངང་ན་གཏམ་སྨྲ་བ་ལྟར་རྫུན་བྱེད་དམ། གཞན་ལྷ་རྣམས་ཀྱི་མིང་གི་ངང་ན་གཏམ་སྨྲ་བར་བྱ་ན། ལུང་སྟོན་པ་དེ་འཆི་དགོས་སོ་ཞེས་བཀའ་གནང་ངོ་། ༢༡ ཡང་ཁྱོད་ཀྱི་སེམས་ལ་ཡ་ཧོ་ཝཱས་མ་གསུངས་པའི་བཀའ་ཅི་ལྟར་རྟོགས་པར་ནུས་སམ་བསམ་ན། ༢༢ གལ་ཏེ་ལུང་སྟོན་པ་ཞིག་གིས་ཡ་ཧོ་ཝཱའི་མཚན་གྱི་ངང་ན་བཀའ་སྟོན་ཀྱང་། བཀའ་དེ་བཞིན་དུ་མི་འབྱུང་བའམ་མི་འགྲུབ་ན། བཀའ་དེ་ནི་ཡ་ཧོ་ཝཱས་མ་གསུང་ཏེ་ལུང་སྟོན་པས་རང་འདོད་ནས་སྨྲས་པའི་རྟགས་ཡིན་པས། དེ་ལ་ཁྱོད་མ་འཇིགས་ཤིག།