༡༧
ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱིར་བ་གླང་ངམ་ར་ལུག་མི་སྡུག་པ་སྐྱོན་ཅན་ཞིག་མཆོད་པར་མ་ཕུལ། དེ་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་རྫས་མི་གཙང་བ་ཞིག་ཡིན་པའི་ཕྱིར་རོ༎༢ ཁྱོད་ཀྱི་དཀྱིལ་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་སྒོ་ཁང་ཞིག་ན་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཞལ་ངོར་ངན་པ་སྤྱོད་ཅིང་ཁོང་གི་ཞལ་ཆད་ལས་འགལ་བའི་སྐྱེས་པའམ་བུད་མེད་ཅིག་ཡོད་དེ། ༣ མི་དེ་སོང་ནས། ངས་མ་བསྒོ་བའི་གཞན་ལྷ་རྣམས། ཡང་ན་ཉི་མའམ། ཟླ་བའམ། ནམ་མཁའི་ཚོགས་ཐམས་ཅད་ལ་རིམ་གྲོ་བྱེད་ཅིང་དེ་དག་ལ་ཕྱག་འབུལ་ན། ༤ གལ་ཏེ་ཁྱོད་ཀྱི་གཏམ་དེ་ཤེས་པར་གྱུར་ཏེ་ཐོས་ནས་རྒྱས་པར་རྩར་བཅད་དེ། ཀྱེ་ཧོ་བྱ་བ་མི་གཙང་བ་དེ་ཨིས་ར་ཨེལ་གྱི་ནང་ན་བྱུང་ངོ་ཞེས་པའི་གཏམ་ངེས་ཤིང་བདེན་ན། ༥ བྱ་བ་ངན་པ་དེ་བྱས་པའི་སྐྱེས་པའམ་བུད་མེད་དེ་ཁྱེད་ཀྱི་སྒོ་ཁང་གི་ཕྱི་རོལ་ཏུ་ཁྲིད་ནས། སྐྱེས་པའམ་བུད་མེད་དེ་འཆི་བའི་ཕྱིར་རྡོ་རུབ་ལ་གཏོང་ཞིང་སོད་ཅིག ༦ གསོད་རྒྱུ་ཡིན་པའི་མིའི་ཕྱིར་མི་གཉིས་སམ་གསུམ་གྱིས་དཔང་བྱས་པས་གསོད་པར་དགོས། འོན་ཀྱང་མི་གཅིག་གཅིག་གིས་དཔང་བྱེད་ན་གསོད་པར་མི་རུང་ངོ་། ༧ མི་དེ་གསོད་པའི་ཕྱིར་སྔར་དཔང་པོ་རྣམས་ཀྱིས་དེ་ལ་ལག་གིས་བཟུང་ནས། དེའི་རྗེས་སུ་མི་ཐམས་ཅད་ཀྱིས་ལག་གིས་ཀྱང་བཟུང་དགོས། དེ་ལྟར་ཁྱེད་ཀྱི་ནང་ནས་ངན་པ་མེད་པར་བྱོས་ཤིག
༨ ཡང་གལ་ཏེ་ཁྱོད་ཀྱི་གྲོང་ཚོ་རྣམས་ན་ཕན་ཚུན་གསོད་པའམ། མི་གཉིས་ཕན་ཚུན་རྩོད་པའམ། ནམ་གཅིག་གིས་གཅིག་ལ་རྡུང་བ་ལ་སོགས་པའི་རྩོད་རྒྱུ་རྣམས་ཀྱི་ཕྱིར་ཁྱོད་ཀྱིས་ཐག་ཆོད་པར་དཀའ་བ་ཞིག་བྱུང་ན། ལོངས་ལ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་འདམ་པར་བྱ་བའི་གནས་སུ་གྱེན་དུ་སོང་ལ། ༩ ལེ་ཝི་པ་ཡིན་པའི་བླ་མ་རྣམས་དང་དེའི་དུས་སུ་འབྱུང་བར་འགྱུར་བའི་ཁྲིམས་དཔོན་གྱི་མདུན་དུ་འོངས་ནས། དེ་དག་གིས་ཁྱོད་ལ་དྲིས་ཤིག་དང་ཁྱོད་ལ་ཐག་གཅོད་ལུགས་སྟོན་པར་འགྱུར། ༡༠ ཡང་དེ་དག་གིས་ཡ་ཧོ་ཝཱས་འདམ་པར་བྱ་བའི་གནས་སུ་ཁྱོད་ལ་བསྒྲགས་པའི་བཀའ་བཞིན་དུ་བྱེད་ཅིང་དེ་དག་གིས་ཁྱོད་ལ་ཅི་དང་ཅི་སྟོན་པ་བཞིན་དུ་སྒྲུབ་པ་ལ་ཟོན་བྱོས་ཤིག ༡༡ དེ་དག་གིས་ཁྱོད་ལ་སློབ་པར་བྱ་བའི་བཀའ་ཁྲིམས་ཀྱི་ཚིག་དང་། དེ་དག་གིས་ཁྱོད་ལ་སྟོན་པར་བྱ་བའི་ཞལ་ཆེ་བཞིན་དུ་བྱེད་དེ་དེ་དག་གིས་ཁྱོད་ལ་སྒྲོག་པའི་བཀའ་ལས་གཡས་སམ་གཡོན་དུ་ཟློག་པར་མི་རུང་ངོ་། ༡༢ ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་དེར་ཞབས་ཏོག་བྱེད་དུ་འགྲེང་བའི་བླ་མའམ་ཞལ་ཆེ་བ་ལ་མི་ཉན་ཞིང་མི་འཇིགས་པའི་མི་དེ་འཆི་བར་དགོས། ཁྱོད་ཀྱིས་ཨིས་ར་ཨེལ་གྱི་ནང་ནས་ངན་པ་དེ་མེད་པར་བྱོས་ཤིག ༡༣ ཡང་མི་ཐམས་ཅད་ཀྱིས་དེ་ཐོས་ནས་འཇིགས་ཏེ། སླར་འཇིགས་མེད་པའི་ལས་ཀ་བྱེད་པར་མི་འགྱུར་རོ༎
༡༤ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་དུ་ཞུགས་ཤིང་བདག་ཏུ་བཟུང་ནས་དེར་གནས་པའི་དུས་སུ། ཁྱོད་ཀྱིས་ངའི་མཐའ་འཁོར་ལ་ཡོད་པའི་ཕྱིའི་མི་བརྒྱུད་ཐམས་ཅད་དང་འདྲ་བར་ང་ལ་སྲིད་བྱེད་པའི་རྒྱལ་པོ་ཞིག་འཇོག་པར་བྱའོ་ཞེས་སྨྲ་ན། ༡༥ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་སྐོས་པའི་རྒྱལ་པོ་མ་གཏོགས་པར་གཞན་ཞིག་མ་འཇོག ཁྱོད་ཀྱི་སྤུན་གྱི་ཁྲོད་ལས་ཁྱོད་ལ་དབང་བྱེད་པའི་རྒྱལ་པོ་ཞོག་ལ། ཁྱོད་ཀྱི་སྤུན་མ་ཡིན་པའི་མི་ཡན་ཞིག་གིས་ཁྱོད་ལ་དབང་བྱེད་དུ་མ་ཞོག་ཅིག ༡༦ འོན་ཀྱང་དེས་རང་གི་ཕྱིར་རྟ་རྣམས་སྤེལ་བའམ། རྟ་སྤེལ་བའི་དོན་དུ་མི་བརྒྱུད་མི་སེར་ཡུལ་ཕྱིར་ལོག་ཏུ་འཇུག་པར་མི་རུང་ངོ་། ཅི་ལ་ཞེ་ན། ཡ་ཧོ་ཝཱས་ཁྱེད་རྣམས་ལ་ད་ཕྱིན་ཅད་ལམ་དེ་ལ་ཁྱེད་ཕྱིར་ལོག་པར་མི་འགྱུར་རོ་ཞེས་བཀའ་གནང་བའི་ཕྱིར་རོ། ༡༧ ཁོའི་སྙིང་མི་འགྱུར་བའི་ཕྱིར་ཆུང་མ་མང་པོ་མ་ལེན། ཡང་དངུལ་གསེར་མང་པོ་སྤུང་བར་མི་རུང་ངོ་། ༡༨ ཡང་རང་གི་རྒྱལ་སྲིད་ཀྱི་ཁྲི་ལ་སྡོད་པའི་ཚེ་བླ་མ་རྣམས་དང་ལེ་ཝི་པ་རྣམས་ཀྱི་མདུན་དུ་ཡོད་པའི་བཀའ་ཁྲིམས་རྣམས་རང་གི་ཕྱིར་དཔེ་ཆ་ཞིག་ནང་ཤུ་བར་དགོས་སོ། ༡༩ ཡང་དེ་ནི་རང་དང་མཉམ་དུ་འཇོག་ཅིང་། ནམ་འཚོ་བའི་བར་དུ་ཞག་རེ་བཞིན་དེ་ཀློག་པར་དགོས། དེ་ནས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་འཇིགས་ཏེ། བཀའ་ཁྲིམས་དང་སྤྱད་མཚམས་དེ་རྣམས་ཀྱི་བཀའ་ཐམས་ཅད་སྲུང་ཞིང་སྒྲུབ་པར་སློབ་པར་འགྱུར་རོ། ༢༠ དེ་བཞིན་དུ་བྱེད་ན་དེའི་སྙིང་སྤུན་གྱི་ཕྱོགས་སུ་ང་རྒྱལ་མ་སྐྱེད་དེ། བཀའ་ལས་གཡས་སམ་གཡོན་དུ་མ་ཟློག་པར་རང་གི་རྒྱལ་སྲིད་ཀྱི་ནང་ན་རང་གི་བུ་རྣམས་དང་བཅས་སུ་ཨིས་ར་ཨེལ་གྱི་དཀྱིལ་ན་ཚེ་རིང་བར་གནས་པར་འགྱུར་རོ༎